སྐུ་སྲོག་བློས་གཏོང་མཁན་ཚོར་གདུང་སེམས་མཉམ་བསྐྱེད།

བཀའ་ཁྲིས་བོད་ནང་རང་སྲོག་བློས་བཏང་གནང་མཁན་ཚོའི་རྒྱལ་གཅེས་ལྷག་བསམ་དང་སྙིང་སྟོབས་ལ་རྗེས་དྲན་གྱིས་གདུང་སེམས་མཉམ་བསྐྱེད།

2011.10.19

༄༅༎བཀའ་བློན་ཁྲི་པ་བློ་བཟང་སེངྒེ་མཆོག་གིས་ བོད་ནང་སྐུ་ལུས་ཞུགས་མེར་སྒྲོན་ནས་རང་སྲོག་བློས་བཏང་གནང་མཁན་ཚོའི་རྒྱལ་གཅེས་ལྷག་བསམ་དང་། སྙིང་སྟོབས་ལ་རྗེས་དྲན་གྱིས་གདུང་སེམས་མཉམ་བསྐྱེད་དང། རྒྱ་ནག་གཞུང་གི་འགོ་ཁྲིད་རྣམ་པར་བོད་ནང་དྲག་གནོན་གྱི་སྲིད་བྱུས་ཕྲལ་དུ་མཚམས་འཇོག་དགོས་རྒྱུའི་ནན་སྐུལ་གནང་འདུག།
བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཀྱི་སྨོན་ལམ་མཆོད་འབུལ་སྐབས། བཀའ་བློན་ཁྲི་པ་བློ་བཟང་སེངྒེ་མཆོག་གིས་གཏམ་བཤད་གནང་བའི་ནང༌། རྒྱ་ནག་གཞུང་གིས་བོད་ལ་དྲག་པོའི་བཙན་བཟུང་བྱས་པ་ནས་བཟུང་། འདས་པའི་མི་ལོ་དྲུག་བཅུར་ཉེ་བའི་རིང་བོད་མི་ཚོས་གདུག་རྩུབ་མནར་གཅོད་མི་བཟོད་པ་མྱང་དང་མྱོང་བཞིན་པ་མ་ཟད། རྒྱ་ནག་གཞུང་གིས་ཡར་རྒྱས་བཏང་ཡོད་ཚུལ་རྫུན་གཏམ་གྱི་དྲིལ་བསྒྲགས་ཇི་ཙམ་སྤེལ་རུང་དོན་དངོས་ཐོག་བོད་ལྗོངས་ཡོངས་སུ་མི་སེར་སྤེལ་བའི་ལམ་ལུགས་ལག་བསྟར་གྱིས་བོད་མིའི་ཆོས་དང་རིག་གཞུང༌།སྐད་ཡིག་གོམས་སྲོལ།རང་འབྱུང་ཁམས་བཅས་པར་གོད་ཆག་ཚབས་ཆེ་བཏང་དང་གཏོང་བཞིན་པར་བརྟེན། བོད་མི་ཚོས་ཞི་བའི་ངོ་རྒོལ་རིམ་པ་སྤེལ་ཡོད་པ། ལྷག་པར་དུ་ཕྱི་ལོ་༢༠༠༨ལོར་བོད་ཆོལ་ཁ་གསུམ་གྱི་ཁྱོན་ཡོངས་སུ་སེར་སྐྱ་རྒན་གཞོན་དབྱེ་མེད་བོད་མི་ཡོངས་ནས་རྒྱ་གཞུང་གི་མཁྲེགས་བཟུང་སྲིད་བྱུས་ལ་ཞི་བའི་གྱེན་ལངས་དང༌། བོད་ནང་རང་དབང་བསྐྱར་གསོ་དང་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པའི་སྐད་འབོད་གནང་བ་དེ་ཚོ་རྒྱ་ནག་གཞུང་གི་འགོ་ཁྲིད་ཙམ་དུ་མ་ཟད། འཛམ་གླིང་ཡོངས་ཀྱིས་ཤེས་རྟོགས་ཐུབ་པ་བྱུང་ཡོད་ནའང༌། བློ་ཕམ་པར་ཞིག་ལ་རྒྱ་ནག་གཞུག་གི་འགོ་ཁྲིད་ཚོས་དངོས་ཐོག་བདེན་འཚོལ་གྱི་ལམ་ནས་བོད་མིའི་དཀའ་ངལ་སེལ་ཐབས་བྱ་རྒྱུའི་ཚབ་ཏུ་མུ་མཐུད་སྲིད་བྱུས་མཁྲེགས་བཟུང་ཁོ་ནས། བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱི་གནས་སུ་འགྱུར་བ་དང༌། ལྷག་པར་དུ་ཆོས་བྱེད་དགེ་འདུན་གྱི་སྡེ་དང་དགོན་པ་གྲྭ་ཚང་ཁག་ལ་དམིགས་བསལ་སྡང་ཟུག་གིས་ལས་དོན་རུ་ཁག་ཟེར་བའི་མི་སྣ་ཆེད་གཏོང་གིས་དགེ་འདུན་པ་ཚོར་བསུན་བརྩིར་དང་དམ་བསྒྲགས་ཤུགས་ཆེ་བྱེད་ཀྱི་ཡོད་སྟབས།ད་ལོ་ཕྱི་ཟླ་༣པ་ནས་བཟུང་རྔ་བ་ཁུལ་དང༌། རྟའུ། སེར་རྟ་སོགས་སུ་མི་ངམ་པོ་འཛིན་བཟུང་བཀག་ཉར་གྱི་ཛ་དྲག་གནས་སྟངས་འོག། ད་བར་བོད་རིགས་ན་གཞོན་དགུ་ཙམ་གྱིས་སྐུ་ལུས་ལ་ཞུགས་མེ་སྒྲོན་ནས་རྒྱ་གཞུང་ལ་ངོ་རྒོལ་གནང་བའི་གནས་ཚུལ་བྱུང་ཡོད་པར་བཀའ་ཁྲི་མཆོག་གིས་ངོས་འཛིན་དང་འབྲེལ། ཁོང་རྣམ་པའི་རྒྱལ་གཅེས་ལྷག་བསམ་དང༌། སྙིང་སྟོབས་ལ་རྗེས་དྲན་གྱིས་གདུང་སེམས་མཉམ་བསྐྱེད་ཞུས་གནང་འདུག།
དེ་བཞིན་ད་རེས་ཀྱི་གོ་སྐབས་འདི་བརྒྱུད་བཀའ་བློན་ཁྲི་པ་མཆོག་གིས་ རྒྱ་ནག་གཞུང་གི་འགོ་ཁྲིད་ཚོར་ བོད་ནང་དྲག་གནོན་གྱི་སྲིད་བྱུས་འཕྲལ་དུ་མཚམས་འཇོག་དགོས་རྒྱུ་དང༌། བོད་མིའི་དཀའ་ངལ་ཞི་བའི་སྒོ་ནས་སེལ་དགོས་རྒྱུའི་འབོད་སྐུལ་ནན་ཆེ་གནང་འདུག་ལ། ལྷག་པར་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ལ་དངོས་དོན་རྟོག་ཞིབ་ཆེད་འཕྲལ་དུ་ཞིབ་འཇུག་མི་སྣ་བོད་ནང་གཏོང་གནང་ཡོང་བའི་འབོད་སྐུལ་ཡང་གནང་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎