བཙན་བྱོལ་བོད་མིའི་དམིགས་བསལ་ཚོགས་ཆེན་སྐོར།

བོད་ཀྱི་གནད་དོན་སེལ་ཐབས་སུ་ཐབས་ལམ་གསར་པ་ཞིག་འདོན་རྒྱུར་ཚོགས་འདུ་རྒྱས་འཛོམས་ཤིག་རིང་མིན་ཚོགས་གནང་གི་ཡོད་འདུག

2008.11.13

༄༅༎ཨེ་པི་གསར་འགྱུར་བརྒྱུད་ལམ་ནང་ད་རིང་གནས་ཚུལ་སྤེལ་བར་གཞིགས་ན་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་ལྔ་བཅུ་ཐམ་པ་འཁོར་ལ་ཉེ་བའི་དུས་ཡུན་དེའི་རིང་བཙན་བྱོལ་བོད་གཞུང་ཞེས་པ་ཞིག་ཆེད་བཙུགས་གནང་བ་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་དམིགས་ནས་ལམ་དབུ་མའི་ཐབས་ལམ་གྱི་ཐོག་ནས་བོད་རྒྱའི་གྲོས་མོལ་རིམ་པ་གནང་ཡོད་པ་རེད། འོན་ཀྱང་རྒྱ་ནག་གཞུང་གི་ངོས་ནས་ལངས་ཕྱོགས་ལ་འགྱུར་བ་རྩ་བ་ནས་མ་བཏང་བ་བཅས་ལ་བརྟེན་ད་ཆ་བོད་མི་ཚོའི་ལངས་ཕྱོགས་དང་ཐབས་ལམ་གཞན་ཞིག་འཚོལ་རྒྱུའི་དུས་ལ་བབས་ཡོད་པའི་ཆ་ནས་རིང་མིན་བཙན་བྱོལ་བོད་གཞུང་གི་ལྟེ་གནས་རྡ་རམ་ས་ལར་བཙན་བྱོལ་ནང་ཡོད་པའི་བོད་མིའི་སྐུ་ཚབ་རྣམས་ཚོགས་འདུ་ཞིག་བསྐོངས་ཚོགས་གནང་འཆར་ཡོད་པ་རེད། དེ་ཡང་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་ནང་གི་བོད་མི་ཚོའི་གནས་སྟངས་ཐོག་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་འགྲོ་གི་མེད་པར་སོང་ཙང་བོད་མི་ཚོ་འུ་ཐུགས་ཀྱི་ནུས་ཤུགས་ཆེ་ཙམ་ཐོག་ནས་འགྱུར་བ་གཏོང་རྒྱུའི་འདོད་པ་བྱེད་ཀྱི་ཡོད་རེད་ཅེས་གསུངས་འདུག

དེ་དང་ཕྱོགས་མཚུངས་ལམ་དབུ་མའི་སྲིད་བྱུས་མ་ཡིན་པར་རང་བཙན་གཙང་མའི་ཐོག་ནས་འཐབ་རྩོད་བྱེད་མཁན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ནས་མ་འོངས་ལོ་ངོ་བཅུ་དང་བཅོ་ལྔ་ཕྱིན་པའི་རྗེས་སུ་ཕྱི་ལྟས་ཤིག་བསློག་ནས་བལྟས་པའི་།ཀབས་ད་རེས་དམིགས་བསལ་ཚོགས་ཆེན་ཚོགས་པ་འདི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་ཞིག་ཏུ་འགྱུར་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་དངོས་ཡོད་གནས་སྟངས་དང་བསྟུན་ནས་བོད་མི་ཚོའི་ཆབ་སྲིད་ཀྱི་ལངས་ཕྱོགས་འཛིན་རྒྱུ་གལ་འགངས་ཆེན་པོ་བརྩི་གི་ཡོད་ལུགས་འགྲེལ་བརྗོད་གནང་འདུག ཡང་བོད་ནས་གསར་དུ་འབྱོར་བའི་མི་ཞིག་ལ་གསར་འགོད་པས་ཚོགས་འདུ་འདིའི་སྐོར་འདྲི་བ་བྱེད་པའི་སྐབས་མིང་བཏོན་བྱེད་འདོད་མེད་པའི་བོད་མི་དེས་ང་རང་ནི་༸གོང་ས་མཆོག་གི་བཀའ་ག་འདྲ་ཞིག་གནང་རུང་དེར་མོས་མཐུན་གཙང་མ་ཡོད་པ་མ་གཏོགས་ཚོགས་ཆེན་ལ་དམིགས་བསལ་སེམས་འཚབ་གང་ཡང་མི་འདུག་ཅེས་ལན་རྒྱབ་ཡོད་པ་སོགས་བཙན་བྱོལ་བོད་མི་ཚོས་རིང་མིན་དམིགས་བསལ་ཚོགས་ཆེན་བསྐོངས་ཚོགས་བྱས་པ་བརྒྱུད་ཆབ་སྲིད་ལངས་ཕྱོགས་ལ་འགྱུར་བ་དང་ལས་འགུལ་སྤེལ་ཕྱོགས་ལ་ནུས་ཤུགས་ཆེ་ཙམ་གཏོང་བཟོ་ཡོད་མེད་ཐོག་བོད་མི་ཙམ་མ་ཡིན་པར་འཛམ་གླིང་སྤྱི་ཚོགས་ནས་ཀྱང་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎