༸གོང་ས་མཆོག་ལ་ནོ་བེལ་གཟེངས་རྟཌ་ཕུལ་ནས་ལོ་༢༡འཁོར་བ།
2010.12.09
༄༅༎བོད་གཞུང་དམངས་ཡོངས་ནས་ནོ་བེལ་ཞི་བདེའི་ཚོགས་ཆུང་གིས་༧གོང་ས་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་ལོ་ཉེར་གཅིག་འཁོར་བའི་དུས་ཆེན་སྲུང་བརྩི་ཞུ་རྒྱུ་ཡིན་པ་རེད་།
དེ་ཡང་བཙན་བྱོལ་བོད་གཞུང་དྲ་གནས་ཐོག་གནས་ཚུལ་བཀོད་པར་གཞིགས་ན་ ཕྱི་ཟླ་༡༢པའི་ཚེས་༡༠ཉིན་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན། སྤྱི་ནོར་༧གོང་ས་༧་སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་སྙན་གྲགས་ཆེ་བའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་ལོ་ངོ་ཉེར་གཅིག་འཁོར་བའི་དགའ་སྟོན་གྱི་ཉིན་མོར་རྡ་ས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་འབྲེལ་གྱི་དུས་ཆེན་མཛད་སྒོ་སྲུང་བརྩི་ཞུ་རྒྱུ་ཡིན་འདུག་༎
དགའ་སྟོན་སྲུང་བརྩི་ཞུ་རྒྱུའི་མཛད་རིམ་ནང་རྡ་སྟེང་བོད་ཁྱིམ་སློབ་ཕྲུག་ནས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་འབུལ་རྒྱུ་དང་ ཐང་སྟོང་གླུ་གར་ཚོགས་པས་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱི་བསྟོད་དབྱངས་མཉམ་གཞས་འབུལ་རྒྱུ། དེ་རྗེས་གཞུང་ཞབས་འདེམས་བསྐོ་ལྷན་ཁང་ནས་བགྲེས་ཡོལ་དུ་ཕེབས་པའི་སྲི་ཞུ་བ་རྣམ་པ་ངོ་སྤྲོད་དང་འབྲེལ་ལེགས་སྐྱེས་གནང་རྒྱུ། དེ་བཞིན་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ནས་འཕྲོད་བསྟེན་ཁྱབ་ཁོངས་ཞབས་ལོ་༢༥འཁོར་བའི་ལས་བྱེད་རྣམས་ལ་ལེགས་མཚོན་གྱི་བྱ་དགའ་གནང་རྒྱུ་ཡིན་པ་རེད་ གཞན་ཡང་ད་རེས་ཀྱི་དགའ་སྟོན་འདིའི་སྐབས་སྔ་འགྱུར་བསྟན་པའི་གསལ་བྱེད་ཁྱེའུ་རིག་འཛིན་ཆེན་མོའི་འཁྲུངས་རབ་རྣམ་ཐར་བོད་རྒྱ་དབྱིན་གསུམ་ཐོག་ཡོད་པ་དེ་དག་དབུ་འབྱེད་གནང་རྒྱུ་དང་ཕྱོགས་མཚུངས་དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་ནས་དབུ་མའི་ལམ་གྱི་བརྗོད་གཞི་དང་འབྲེལ་བའི་སྐོར་རྩོམ་ཡིག་འགྲན་བསྡུར་གྱི་བྱ་དགའ་དང་ཕྱག་འཁྱེར་གསོལ་སྩལ་གནང་རྒྱུ་ཡིན་པ་རེད་ ཡང་ད་རེས་ཀྱི་མཛད་སྒོ་འདིའི་ཐོག་ཕན་བདེ་ལེགས་བཤད་གླིང་གྲྭ་ཚང་གི་ཤེས་ཡོན་ལྷན་ཚོགས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་1978ནས་ ༢༠༡༠བར་དོལ་རྒྱལ་སྐོར་ལ་ལམ་སྟོན་བཀའ་སློབ་ཁག་ཕྱོགས་སྒྲིག་ཞུས་པ་དེབ་ཕྲེང་གཉིས་དང་ ཐར་ལམ་གསལ་བའི་སྒྲོན་མ་ཞེས་ཀུན་བཟང་བླ་མའི་ཞལ་ལུང་སོགས་སྔོན་འགྲོའི་གསུང་ཆོས་ཁག་ཕྱོགས་སྒྲིག་ཞུས་པ་ཞིག་དང་ ཡང་༸གོང་ས་མཆོག་གིས་ལམ་སྟོན་བཀའ་སློབ་ཕྱོགས་བསྡུས་ཞེས་ཕྱག་དེབ་ཁག་བཞི་བཀའ་བློན་ཁྲི་ཚབ་མཆོག་གིས་དབུ་འབྱེད་གནང་རྒྱུ་ཡིན་འདུག དེ་རྗེས་བཀའ་བློན་ཁྲི་ཚབ་མཆོག་གིས་བཀའ་ཤག་གི་གསུང་བཤད་དང་ བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྱི་འཐུས་ཀྱི་གསུང་བཤད་གནང་རྒྱུ། དེ་ནས་ཐང་སྟོང་གླུ་གར་སོགས་རྡ་སའི་ཉེ་འཁྲིས་སུ་གནས་པའི་སློབ་གྲྭ་ཁག་ནས་གཞས་སྣ་ཁག་གཅིག་འཁྲབ་སྟོན་ཞུ་རྒྱུ་ཡིན་པ་བཅས་ཀྱི་མཛད་རིམ་གནས་ཚུལ་ནང་གསལ་འདུག་༎