གསང་ཉུལ་ཉེས་འཛུགས་འོག་སྲོག་ཐོག་བཏང་བའི་རྒྱ་ལྦོའི་སྐོར།
2008.12.02
༄༅༎ཐའེ་ལྦན་ཆེད་དུ་གསོ་མྱུལ་གྱི་ལས་དོན་བྱས་པའི་ནག་ཉེས་བཙུགས་ཏེ་རྒྱ་ནག་གཞུང་གིས་བདུན་སྔོན་མ་རྒྱ་ནག་ནང་ཉེས་པ་སྲོག་ཐོག་བཏང་བའི་རྒྱ་མིའི་སྨན་གྱི་ཚན་རིག་པའི་བུ་མོ་ཧྲེན་ཁྲེན་དང་ཏི་ཁྲེན་གཉིས་ཀྱིས་ཁ་ས་ཡུ་རོབ་མཉམ་འབྲེལ་སྒྲིག་འཛུགས་དང་དེའི་ནང་ནས་ལྷག་པར་དུ་ཨོ་སི་ཏྲི་ཡ་བཅས་ལ་ཁོང་གཉིས་ཀྱི་ཕའི་ཚེ་སྲོག་སྐྱོབ་ཐབས་ཀྱི་འབད་བརྩོན་རོགས་རམ་གནང་བར་ཐུགས་རྗེ་ཞུས་འདུག
ཨོ་སི་ཏྲི་ཡའི་སྲིད་འཛིན་ཧའེན་ཛི་ཕི་ཤར་མཆོག་དང་ཡུ་རོབ་ཕྱི་འབྲེལ་ལས་དོན་འགན་འཛིན་སྦེ་ནི་ཏ་ཕེ་རེ་རོ་ལྦོལ་ཌི་ནར་ཐེ་པའི་ཡུ་རོབ་ཀྱི་མཐོ་རིམ་དཔོན་རིགས་ཁག་ལ་ཕུལ་བའི་སྙན་ཞུའི་ནང་ཧྲེན་དང་ཏི་གཉིས་ནས་ཁྱེད་རྣམ་པས་འཛམ་གླིང་དེ་བཞིན་ཡག་པོ་ཞིག་བཟོ་ཐབས་སུ་འགྲོ་བ་མིའི་བདེ་རྩ་དང་བདེན་པར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཨོ་སི་ཏྲི་ཡ་དང་ཡུ་རོབ་བཅས་ཀྱི་གནང་སྟངས་ལ་ང་ཚོ་སྤོབས་པ་ཡོད་ཅེས་དང་ཡང་ཁོང་གཉིས་ཀྱིས་ད་ལྟའི་སྡུག་ངལ་ཆེ་བའི་དུས་ཚོད་དེ་འདྲའི་སྐབས་དེར་གོང་ཞུས་ཡུལ་ཁག་གི་དབུ་ཁྲིད་ཚོས་གདུང་སེམས་མཉམ་སྐྱེད་དང་ཐུགས་འཁུར་ཆེ་བཞེས་གནང་བ་དེས་ཁོང་གཉིས་ལ་སེམས་གསོ་དང་མ་འོངས་གནས་བབ་བཟང་དུ་འགྲོ་རྒྱུའི་རེ་བ་གསར་པ་ཞིག་གནང་ཡོད་སྐོར་ཞུས་འདུག
རྒྱ་ནག་གིས་རེས་གཟའ་པ་སངས་ཉིན་ལོ་གྲངས་ལྔ་ཅུ་ང་དགུ་ལ་སླེབས་པའི་རྒྱ་མིའི་སྨན་ཐོག་གི་ཚན་རིག་པ་ལྦོ་ལྦེ་ཧན་སྲོག་ཐོག་བཏང་ཡོད་པ་རེད། ལྦོ་ལྦེ་ཧན་ནི་༡༩༩༠གོ་གྲངས་ནང་ཨོ་སི་ཏྲི་ཡའི་ནང་གནས་སྡོད་བྱས་ཡོད་པ་དང་རྒྱ་ནག་གཞུང་གིས་ལྦོ་ཡིས་ཐའེ་ལྦན་ལ་རྒྱལ་ཁབ་ཀྱི་གསང་བ་མཁོ་སྤྲོད་བྱས་ཡོད་པའི་ནག་ཉེས་བཙུགས་ཡོད་ནའང་ཁོང་གི་བུ་མོ་གཉིས་ཀྱིས་བརྗོད་ན་ཁོང་ཚོའི་ཕ་འདས་པོས་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོའི་འཕྲོད་བསྟེན་སྐོར་སྐད་ཆ་བཤད་པ་མ་གཏོགས་དེ་མིན་རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་བྱས་མེད་སྐོར་འགྲེལ་བརྗོད་བྱས་འདུག
ལྦོ་ཡི་ནང་མི་ཚོས་རྒྱ་ནག་གཞུང་གིས་ཁོང་གི་གྱོད་གཞིའི་ཐོག་ཞུ་གཏུགས་བྱེད་མཁན་གྱི་ཁྲིམས་རྩོད་པ་གླ་རུ་བཅུགས་མེད་པ་དང་ལྦོ་ལ་བཙན་ཀ་བཏང་ནས་སྐྱོན་ངོས་ལེན་བྱེད་དུ་བཅུགས་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པ་དང་རེས་གཟའ་ཟླ་བའི་བར་རྒྱ་ནག་གཞུང་ཕྱོགས་ནས་ལྦོ་ཡི་ཁྱིམ་ཚང་ལ་ལྦོ་སྲོག་ཐོག་བཏང་བའི་གཞུང་འབྲེལ་བརྡ་ཐོའི་རིགས་གང་ཡང་བཏང་མི་འདུག