ཨའོ་སི་ཀྲོ་ལི་ཡར་བོད་ཀྱི་དུས་སྟོན་ཞེས་པ་གོ་སྒྲིག
2012.02.07
༄༅༎ཨའོ་སི་ཀྲོ་ལི་ཡའི་ནང་ཉིན་གྲངས་ལྔའི་རིང་བོད་ཀྱི་དུས་སྟོན་ཞིག་གོ་སྒྲིག་ཞུས་པ་དེའི་ཐོག་ བར་ལམ་བོད་ནང་དུ་བོད་དོན་ཆེད་རང་ལུས་མེ་བསྲེག་བཏང་བ་ཚོར་གདུང་སེམས་མཉམ་བསྐྱེད་དང་བོད་ནང་གི་ད་ལྟའི་གནས་སྟངས་ཛ་དྲག་དེ་ནང་དོན་གཙོ་བོར་འཛིན་ཡོད་པ་རེད།
༄༅༎ཨའོ་སི་ཀྲོ་ལི་ཡའི་ནང་ཉིན་གྲངས་ལྔའི་རིང་བོད་ཀྱི་དུས་སྟོན་ཞིག་གོ་སྒྲིག་ཞུས་པ་དེའི་ཐོག་ བར་ལམ་བོད་ནང་དུ་བོད་དོན་ཆེད་རང་ལུས་མེ་བསྲེག་བཏང་བ་ཚོར་གདུང་སེམས་མཉམབསྐྱེད་དང་བོད་ནང་གི་ད་ལྟའི་གནས་སྟངས་ཛ་དྲག་དེ་ནང་དོན་གཙོ་བོར་འཛིན་ཡོད་པ་རེད།
དེ་རིང་ཕ་ཡུལ་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན། ཉིན་ལྔའི་བོད་ཀྱི་དུས་སྟོན་དེ་དེ་རིང་མཇུག་སྒྲིལ་ཞིང༌། བོད་ཀྱི་དུས་སྟོན་གོ་སྒྲིག་གནང་མཁན་གྱིས་དུས་སྟོན་དེ་ནི་གཙོ་བོ་དེང་སྐབས་བོད་ནང་གི་བོད་མིས་རང་དབང་འཐབ་རྩོད་བྱེད་བཞིན་པའི་གནས་སྟངས་དང། དམིགས་བསལ་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་སྲིད་ཇུས་ལ་འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེ་བསྲེག་བཏང་བའི་ཛ་དྲག་གི་གནས་སྟངས་མི་དམངས་ཚོར་གོ་རྟོག་སྤེལ་ཐབས་བྱས་པའི་སྐོར་གསུང་ཡོད་པ་རེད། བོད་ཀྱི་དུས་སྟོན་ཐོག་མར་༢༠༠༩ ལོར་འགོ་བཙུགས་ཏེ། ལོ་ལྟར་བཞིན་གོ་སྒྲིག་ཞུས་པ་བཞིན་འདི་ལོ་ཐེངས་བཞི་པ་དེ་ཡིན་ཞིང༌། ཉིན་ལྔའི་དུས་སྟོན་དེའི་ནང་བྱེད་སྒོ་རྣམ་གྲངས་མི་འདྲ་བ་ཡོད་པ་དེར་མཉམ་ཞུགས་བྱེད་མཁན་མི་དམངས་སྟོང་ཕྲག་གསུམ་ཙམ་བྱུང་ཡོད་པ་དང༌། དེའི་ནང་དུ་སེམས་ཀྱི་ཞི་བདེ་དང་བདེ་སྐྱིད་སྐྲུན་ཐབས་སྐོར་ནང་ཆོས་དང༌། བོད་མིའི་གསོ་རིག་གི་སྐོར་གསུང་བཤད་གནང་བ། དེ་བཞིན་སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་བཞེངས་པ། འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཇི་ལྟར་གཏོང་ཐབས་སྐོར། བོད་རྒྱའི་དཀའ་རྙོགས་དེ་ཞི་བའི་ཐོག་ནས་སེལ་ཐབས་སོགས་ཀྱི་སྐོར་བགྲོ་གླེང་གནང་ཡོད་པ་རེད། དེ་བཞིན་བོད་རང་བཙན་ལྟ་གྲུབ་འཛིན་མཁན་བཞུགས་སྒར་རྡ་རམ་ས་ལའི་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་གཙོ་བསྟན་འཛིན་བརྩོན་འགྲུས་ལགས་དང༌། ༢༠༠༨ ལོར་རྩོམ་བྲིས་བྱས་པའི་ང་ཚོའི་བོད་ཅེས་པའི་དེབ་རྩོམ་བྲིས་གནང་མཁན་བསྟན་པ་འབྲུག་གྲགས་ལགས་དང༌། ཨའོ་སི་ཀྲོ་ལི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐྱིད་འཛོམས་ལགས་གསུམ་གྱིས། ང་བོད་མི་ཡིན་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་ཡོད་པ་རེད། ད་དུང་བོད་གཞུང་བཀའ་ཤག་ཐོག་ནས་ཟླ་བ་འདིའི་ཕྱི་ཚེས་༨ ལྷག་དཀར་ཉིན་མོར་བོད་ནང་གི་བོད་མི་ཚོར་གདུང་སེམས་ཉམས་བསྐྱེད་ཞུ་ཆེད་འཛམ་གླིང་ཁྱོན་ཡོངས་སུ་གནས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་དུས་གཅིག་ལ་ལས་འགུལ་སྤེལ་དགོས་པའི་འབོད་སྐུལ་གནང་བ་བཞིན་ཨའོ་སི་ཀྲོ་ལི་ཡའི་རྒྱལ་སའི་རྒྱ་མིའི་གཞུང་ཚབ་ཁང་མདུན་ངོ་རྒོལ་ལས་འགུལ་སྤེལ་རྒྱུའི་འཆར་གཞི་ཡོད་པ་རེད།