བོད་པའི་གློག་བརྙན་ཞིག་ལ་གཟེངས་རྟགས།
2009.08.10
༄༅༎བོད་པའི་གློག་བརྙན་ཞིག་ལ་རྒྱལ་སྤྱིའི་དྲ་རྒྱའི་གཟེངས་རྟགས་ཐོབ་གནང་བའི་གནས་ཚུལ་ཐོན་འདུག
དེ་ཡང་བོད་པའི་གློག་བརྙན་བཀོད་སྒྲིག་པ་དགེ་ལེགས་པ་སངས་ལགས་ཀྱི་དངོས་བྱུང་གློག་བརྙན་སྨོན་ལམ་ཐིག་པ་ཞེས་པའི་གློག་བརྙན་དེར་རྒྱལ་སྤྱིའི་དྲ་རྒྱའི་གློག་བརྙན་གྱི་དུས་སྟོན་ཞིག་ལ་གཟེངས་རྟགས་ཐོབ་གནང་ཡོད་པ་རེད།
གློག་བརྙན་དེ་རྒྱ་གར་གྱི་བྱང་ཕྱོགས་ས་མཚམས་ལ་དྭགས་ཀྱི་ཏུར་ཏུག་ཞེས་པའི་གྲོང་ཚོ་དེར་ཕྱི་ལོ་ཉིས་སྟོང་ལྔ་ལོར་བོད་མིའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བསྐྱངས་གནང་བའི་སྐོར་གྱི་གློག་བརྙན་ཞིག་ཡིན་པ་རེད། ཏུར་ཏུག་ཅེས་པའི་གྲོང་ཚོ་དེ་རྒྱ་གར་དང་པ་ཀི་སི་ཐན་བོད་བཅས་པའི་ཡུལ་ཁག་གསུམ་གྱི་ས་མཚམས་ས་འབྲེལ་འཁེལ་གྱི་ཡོད་པ་དང་གྲོང་ཚོ་དེའི་ཡུལ་མི་རྣམས་ཁ་ཆེ་ཡིན་ཡང་ཁོང་ཚོས་བོད་སྐད་དང་བོད་པའི་རིག་གཞུང་ད་དུང་ཡང་ཉམས་ལེན་བྱེད་ཀྱི་ཡོད་པ་རེད། ཕྱི་ལོ་ཉིས་སྟོང་ལྔ་ལོར་༸གོང་ས་མཆོག་གྲོང་ཚོ་དེར་ཆིབས་བསྒྱུར་བསྐྱངས་སྐབས་གྲོང་ཚོ་དེའི་བུ་ཕྲུག་ཁག་ཅིག་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ནང་སློབ་འཇུག་གནང་རྒྱུའི་ཞལ་བཞེས་གནང་བ་ལྟར་སློབ་ཕྲུག་དེ་དག་དེང་སྐབས་བོད་པའི་སློབ་གྲྭ་ཁག་ནང་སློབ་སྦྱོང་བྱེད་མུས་ཡིན་པ་རེད། ཡིན་ནའང་ཁོང་ཚོ་རང་ཉིད་ཀྱི་ཁ་ཆེའི་ཆོས་ལུགས་དེ་ཉམས་ལེན་བྱེད་ཆོག་གི་ཡོད་པ་རེད། གློག་བརྙན་བཀོད་སྒྲིག་གནང་མཁན་དགེ་ལེགས་པ་སངས་ལགས་ཀྱིས་ཁོང་གི་བཟོས་གནང་བའི་གློག་བརྙན་དེ་སློབ་ཕྲུག་ཁག་ཅིག་རང་གི་ནང་ཁྱིམ་ནས་ཕྱིར་ཐོན་ཏེ་སོ་སོའི་ཆོས་ལུགས་དང་རིག་གཞུང་བདག་གཅེས་གནང་ཞོར་དུ་བོད་པའི་སློབ་གྲྭ་ཞིག་ནང་དེང་རབ་དང་ལྡན་པའི་ཤེས་ཡོན་སྦྱོང་བར་འགྲོ་བའི་ལོ་རྒྱུས་སྐོར་ཞིག་དང་དེའི་ནང་སློབ་ཕྲུག་དེ་དག་གིས་རིག་གཞུང་འདྲ་མིན་གྱི་སྤྱི་ཚོགས་ནང་གོམས་འདྲིས་བྱེད་སྟངས་དང་ཕན་ཚུན་འཆམ་མཐུན་དང་གུས་བཀུར་ཇི་འདྲ་བཏོན་པའི་ལོ་རྒྱུས་ཤིག་སྟོན་ཐབས་བྱས་ཡོད་ཅེས་ཁོང་ནས་གསུང་འདུག དགེ་ལེགས་པ་སངས་ལགས་ལ་དྭགས་དང་རྒྱ་གར་ལྷོ་ཕྱོགས་སྤེ་ལ་ཀོ་པི་བོད་ཕྲུག་ཁྱིམ་སྡེ་ནས་སློབ་ཐོན་གནང་བ་ཞིག་དང་ཁོང་གི་གློག་བརྙན་དེར་དྲ་རྒྱའི་ནང་ཐེངས་སུམ་ཁྲི་ལྷག་འཛུལ་མཁན་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག