ཆོས་ཁས་ལེན་ཚོས་ལྷོད་གཡེང་བཏང་སྟེ་འཐུས་ཤོར་གཏོང་རྒྱུ་མེད།


2014.07.14
༧གོང་ས་མཆོག་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས༣༣པའི་ཉིན་མཐའ་མར། ༢༠༡༤།༧།༡༤ ༧གོང་ས་མཆོག་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས༣༣པའི་ཉིན་མཐའ་མར། ༢༠༡༤།༧།༡༤
ཨེ་ཤེ་ཡ་རང་དབང་རླུང་འཕྲིན།

བོད་ནང་ལ་ཆ་བཞག་ན་གུང་ཁྲན་ཏང་མི་བསམ་བློ་གུ་དོག་པོ་གཏོང་མཁན་དེ་ཚོས་ཤེས་བཞིན་དུ་ཆོས་ལ་དམ་བསྒྲགས་བྱེད་ཀྱི་ཡོད།
དེ་ཡང་བོད་ཀྱི་དབུ་འཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལ་དྭགས་ནང་། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་༣༣་པ་བསྩལ་བའི་ཉིན་མཐའ་མ་སྤྱི་ཚེས༡༤ཉིན་ཆོས་ཁས་ལེན་ཚོས་ལྷོད་གཡེང་བཏང་སྟེ་འཐུས་ཤོར་གཏོང་རྒྱུ་མེད་པ་སོཊ་ཀྱི་བཀའ་སློབ་སྩལ་གནང་ཡོད་པ་དང་། སྐབས་དེར་དད་ལྡན་ཕྱི་ནང་མི་རིགས་ཆིག་འབུལ་ཆིག་ཁྲི་ལྷག་ལ་བཀའ་སློབ་སྩལ་སྐབས། བོད་ནང་ལ་ཆ་བཞག་ན་གུང་ཁྲན་ཏང་མི་བསམ་བློ་གུ་དོག་པོ་གཏོང་མཁན་དེ་ཚོས་ཤེས་བཞིན་དུ་ཆོས་ལ་དམ་བསྒྲགས་བྱེད་ཀྱི་ཡོད།  ང་ཚོས་འདིར་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་ཀྱི་ཡོད་སྐོར་བརྗོད་མཁན་སོ་སོའི་ངོས་ནས་རང་དབང་ལུང་པའི་ནང་ཚགས་མ་ཚུད་པར་འཐུས་ཤོར་བཏང་བ་ཡིན་ན་ཧ་ཅང་ངོ་ཚ་པོ་དང་ཐབས་སྐྱོ་པོ་རེད།  ཆོས་སྐྱོན་རེད་བརྗོད་མཁན་གྱིས་དམ་བསྒྲགས་བྱས་ན་གོ་རྟོགས་ཐུབ་ངེས་ཡིན་ཞེས་བརྗོད་ཆོག་གི་རེད།  འོན་ཀྱང་ཆོས་ཁས་ལེན་སོ་སོའི་ངོས་ནས་ལྷོད་གཡེང་བཏང་སྟེ་འཐུས་ཤོར་ཕྱིན་ན་ཧ་ཅང་ཐབས་སྐྱོ་པོ་རེད། ངོས་རང་ལ་ཆ་མཚོན་ན་བོད་པ་ཞིག་རེད། བོད་པ་ཞིག་གིས་སོ་སོའི་མི་རིགས་ཀྱི་ཞེན་ཁོག་བྱས་ཏེ་བོད་ཀྱི་སྐད་ཡིག་གལ་ཆེན་པོ་རེད་བརྗོད་པ་དེ་ཙམ་མ་རེད། དེ་རིང་ཁ་སང་འཛམ་གླིང་འདིའི་ཐོག་ནང་པ་སངས་རྒྱས་ཀྱི་ཆོས་སྤྱི་དང་ལྷག་པར་དཔལ་ན་ལེནྡྲའི་ཆོས་བརྒྱུད་ཟབ་ཅིང་རྒྱ་ཆེན་དེར་འགྲེལ་བཤད་མཐིལ་ཕྱིན་པ་ཞིག་རྒྱག་ཐུབ་མཁན་ནི་བོད་སྐད་བརྩི་བཞིན་ཡོད།  ནང་ཆོས་ལ་དོ་སྣང་བྱེད་མཁན་ཞིག་ཡིན་ན་བོད་སྐད་ལ་དོ་སྣང་བྱེད་དགོས་ཆཊ་ཀྱི་ཡོད།  དཔེར་ན་ལོ་བརྒྱ་ཕྲག་མང་པོའི་རིང་སོག་པོ་ཕྱི་ནང་གཉིས་ཀྱིས་གཙོས་ཨུ་རུ་སུའི་ཁོངས་གཏོཌ་སུ་ཡོད་པའི་ཁལ་མུཀ་སོཌ་ཀྱི་ས་ཁུལ་རྣམས་བོད་ཀྱི་ཆོས་བརྒྱུད་འཛིན་མཁན་ཡིན་སྟབས་བོད་ཡིག་དང་བོད་སྐད་ཐོག་ནས་ནང་ཆོས་སློབ་སྦྱོང་བྱས་ཏེ་མཁས་པ་མང་པོ་ཐོན་ཡོད།  ངོས་རང་གི་མི་ཚེར་ཆ་བཞག་ན་ངོས་ཀྱིས་དྲན་ཐོག་ལ་སེ་འབྲས་དགའ་གསུམ་ནང་སོག་པོའི་དགེ་བཤེས་བརྒྱ་ཕྲག་ཁ་ཤས་ཡོད། ནང་ཆོས་ལ་སློབ་སྦྱོང་བྱེད་རྒྱུར་སྐད་ཡིག་ཡག་ཤོས་དེ་བོད་ཡིག་ཡིན་སྟབས་སོག་པོ་ཚོས་བོད་ཡིག་སྦྱང་གི་ཡོད་རེད།  ཁྱེད་རང་ལ་དྭགས་་པ་ཚོར་ཡུལ་སྐད་ག་རེ་ཡོད་མེད་ཁྱད་པར་མེད།  བོད་ཡིག་བསླབ་རྒྱུ་གལ་ཆེན་པོ་རེད་ཅེས་སོགས་བཀའ་སློབ་བསྩལ་འདུག
དེ་བཞིན་མངའ་སྡེའི་བློན་ཆེན་སྐུ་ཞབས་ཨོ་མར་ཨབ་དྷུལ་ལ་མཆོག་གིས་གསུངས་དོན། ང་རང་གི་ལས་འགན་འཁུར་བཞིན་པའི་དུས་ཡུན་དེའི་ནང་མི་མང་གི་ཞབས་ཕྱི་བསྒྲུབ་རྒྱུ་དེ་ནི་འདོད་པ་ཚིམ་ཤོས་ཤིག་དང་། ལྷག་པར་འདས་པའི་ལོ་ལྔ་དེའི་རིང་ལོ་རེ་རེར་འདི་གའི་ས་གནས་འདྲ་མིན་ནང་༧གོང་ས་མཆོག་མཇལ་ཁ་ཞུ་རྒྱུའི་གོ་སྐབས་ཐོབ་པ་དེ་དག་ཀྱང་ང་རང་སྒེར་ལ་འདོད་པ་ཚིམ་ཤོས་ཤིག་ཆགས་ཀྱི་ཡོད། ངའི་པ་ལགས་དང་སྤོ་ལགས། དེ་བཞིན་ང་རང་བཅས་མངའ་སྡེའི་སྤྱི་ཁྱབ་ཀྱི་ལས་ཐོག་བཅས་མི་རབས་སྐབས་སོ་སོར་དུས་འཁོར་དབང་ཆེན་ཐེངས་གསུམ་གོ་སྒྲིག་ཞུས་ཐུབ་པ་བྱུང་བ་དེ་ནི་ང་རང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཞིག་ལ་གོ་སྐབས་བླ་ན་མེད་པ་ཞིག་ཆགས་ཀྱི་ཡོད་སྐོར་སོགས་གསུང་བཤད་གནང་། དེ་བཞིན་མངའ་སྡེ་གྲོང་ཁྱེར་ཡར་རྒྱས་ཚན་པའི་བློན་ཆེན་ངག་དབང་རིག་འཛིན་འཇོ་ར་ལགས་དང་། རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་དང་ལ་དྭགས་མི་མང་གི་འཐུས་མི་སྐུ་ཞབས་ཐུབ་བསྟན་ཚེ་དབང་ལགས་ཀྱིས་དབུས་ས་གནས་ཀྱི་གཞུང་འབྲེལ་གནད་ཡོད་མི་སྣ་ཁག་གཅིག་གིས་མགྲིན་དབྱངས་གཅིག་གྱུར་ཐོག་༸གོང་ས་མཆོག་གིས་འདི་གར་ཐེངས་འདིའི་དུས་འཁོར་དབང་ཆེན་བཀའ་དྲིན་སྩལ་བར་ཐུགས་རྗེ་བླ་མེད་དུ་ཆེ་ཞུ་དང་མགོན་པོ་གང་ཉིད་མཆོག་སྐུ་ཚེ་ཡུན་རིང་བརྟན་པའི་གསོལ་སྨོན་ཤུགས་དྲག་དང་ཕྱིན་ཆད་ལ་དྭགས་མང་ཚོགས་ལ་ཐུགས་རྗེས་གཟིགས་སྐྱོང་མུ་མཐུད་སྩལ་སྐྱོང་ཡོང་བའི་གསོལ་འདེབས་ཞུས་འདུག

གསར་འགོད་པ་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎