༸གོང་ས་མཆོག་གིས་བྱང་ཆུབ་སེམས་ཀྱི་ཉམས་ལེན་ཡོད་ན་རྐྱེན་ངན་གྲོགས་ལ་ཤར་རྒྱུ་ཡོད་ཅེས་བཀའ་སྩལ་བ།

འདི་ཚེས་༢༩ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་གསུང་ཆོས་རྭ་བའི་ནང་། ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་ཁྲི་ཚོ་མང་པོར། བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་བཀའ་དྲིན་སྩལ་སྐབས། འཛམ་གླིང་འདིའི་སྟེང་མི་ཐེར་འབུམ་བདུན་ནས་བརྒྱད་ཙམ་ཡོད་པ་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་མཁན་ཤ་སྟག་དང་། འཚོ་གནས་གཅིག་གྱུར་ཡིན་པ་དང་སེམས་དཀྲུག་མཁན་གྱི་རྐྱེན་འཕྲད་པས་གནས་སྐབས་སུ་བྱང་ཆུབ་སེམས་ཀྱི་ཉམས་ལེན་ཡོད་ན་རྐྱེན་ངན་གྲོགས་ལ་ཤར་རྒྱུ་ཞིག་ཏན་ཏན་ཡོད་རེད་ཅེས་བཀའ་སྩལ་སོང་།
ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ཆར་རྡོ་རྗེ་གདན་དུ་ཆགས་པའི་ཐ་ཡི་ལན་ཌ་ཡི་དགོན་པར་ཆིབས་སྒྱུར་སྐབས། སངས་རྒྱས་བཅོམ་ལྡན་འདས་ཀྱི་ལྡེབ་རིས་མཇལ་སྐབས། མགོན་པོ་གང་ཉིད་མཆོག་ལ་སྟོན་པའི་སྣང་བ་གསལ་པོ་ཞིག་འཁྲུངས་ཡོད་སྐོར་དང་། བཅོམ་ལྡན་འདས་ཀྱི་རྗེས་འབྲངས་རྣལ་མ་ཞིག་དང་ཉམས་ལེན་ཧུར་ཐག་བྱས་པ་ཡིན་ན་སྟོན་པའི་བྱིན་རླབས་བྲལ་མེད་ཡིན་པ་བཀའ་སྩལ་སོང་།
འདི་ལོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ཞུ་བར་ཕྱིའི་རྒྱལ་ཁབ་ཁག་༦༥ ཙམ་ནས་དད་ལྡན་ཆོས་ཞུ་བ་མང་དག་ཅིག་ཕེབས་ཡོད་པ་དང་། ཁོང་རྣམ་པའི་ཆེད་དུ་སྔར་ལམ་བཞིན་སྐད་རིགས་མི་འདྲ་བ་བཅུ་དྲུག་ཐོག་གསུང་སྒྱུར་དང་། གནས་མཆོག་རྡོ་རྗེ་གདན་དུ་དངོས་སུ་ཕེབས་མ་ཐུབ་མཁན་ཚོའི་ཆེད་དུ་དགའ་ལྡན་ཕོ་བྲང་གི་དྲ་རྒྱའི་ཐོག་གསུང་ཆོས་ཐད་གཏོང་གྲ་སྒྲིག་ཞུས་ཡོད་པ་རེད་འདུག
དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ལ་དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག ས་སྐྱའི་ཁྲི་འཛིན་རྣམ་གཉིས་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཆེད་ཕེབས་གནང་ཡོད་པ་མ་ཟད་རྒྱ་གར། འབྲུག བལ་ཡུལ་དང་། ཕྱི་རྒྱལ་ཡུལ་དྲུ་ཁག་འདྲ་མིན་ནས་ཁྱོན་དད་ལྡན་ཆོས་ཞུ་བ་མི་གྲངས་༦༥༠༠༠ལྷག་ཕེབས་ཡོད་པ་དགའ་ལྡན་ཕོ་བྲང་གི་དྲ་རྒྱའི་སྟེང་གསལ་འདུག
གསར་འགོད་པ། པ་སངས་ཚེ་རིང།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།