མེཀ་སི་ཀོ་རྒྱལ་སའི་ནང་ནང་ཆོས་ཀྱི་གློག་བརྙན་དུས་སྟོན་སྐོར།
2008.10.02
༄༅༎འདི་ཟླའི་ཚེས་ཉི་ཤུ་དགུ་ནས་ཟླ་བ་རྗེས་མའི་ཚེས་དགུ་བར་མེཀ་སི་ཀོ་རྒྱལ་སའི་ནང་ནང་པའི་ཆོས་ལུགས་ཀྱི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་དང་པོ་དེ་ཚུགས་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག
ནང་པའི་ཆོས་ལུགས་ཀྱི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དེ་བཞིན་དེ་སྔ་ཨེ་ཤི་ཡ་དང་ཡུ་རོབ་ཨ་རི་བཅས་ནས་གོ་སྒྲིག་ཞུས་ཡོད་ཀྱང་ དབུས་ཨ་མི་རི་ཀའི་ཡུལ་ཁག་ནང་ད་རེས་ཐེངས་དང་པོ་ཆགས་ཀྱི་ཡོད་པ་རེད་ མེཀ་སི་ཀོ་རྒྱལ་སའི་ནང་ཉིན་གྲངས་བཅུའི་རིང་གི་གློག་བརྙན་གྱི་དུས་སྟོན་དེའི་ཐོག་ ལྷ་སའི་རྨི་ལམ་དང་ཕོར་པ་ ཧི་མ་ལ་ཡ་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་པ་དང་ ཀརྨ་ཞེས་པ་ མི་ལ་རལ་པ་ སྟོན་པའི་མཛད་རྣམ་ དེ་བཞིན་མཁན་ཟུར་རིན་པོ་ཆེའི་ཡང་སྲིད་སྐོར་བཅས་ཁྱོན་ནང་ཆོས་དང་འབྲེལ་བའི་གློག་བརྙན་ཁག་བཞི་ཅུ་ཙམ་གཟིགས་འབུལ་ཞུ་རྒྱུ་དང་ཆབས་ཅིག་ནང་ཆོས་སྐོར་བགྲོ་གླེང་དང་གྲོས་བསྡུར་སྦྱང་བཤད་ཀྱི་ལྷན་ཚོགས་གནང་རྒྱུ་ཡིན་འདུག དམིགས་བསལ་ད་རེས་ནང་ཆོས་ཀྱི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དེའི་སྐབས་ཤར་ཕྱོགས་ཀྱི་འོད་ཟེར་ཞེས་དེ་སྔ་༡༩༢༥ལོར་རྒྱ་གར་དང་འཇར་མན་གློག་བརྙན་བཟོ་བསྐྲུན་ཁེ་ལས་ཀྱིས་ཟུང་འབྲེལ་ཐོག་ནས་བཀོད་སྒྲིག་ཞུས་པའི་སྟོན་པ་བཅོམ་ལྡན་འདས་ཀྱི་མཛད་རྣམ་སྐོར་གྱི་གློག་བརྙཉ་གཟིགས་འབུལ་ཞུ་རྒྱུ་ཡིན་པ་རེད་ མེཀ་སི་ཀོ་གྲོང་ཁྱེར་རུ་རྒྱལ་སྤྱིའི་ནང་པའི་ཆོས་ལུགས་ཀྱི་གློག་བརྙན་དུས་སྟོན་དེ་བཞིན་མེཀ་སི་ཀོ་རུ་རྟེན་གཞི་བྱས་པའི་ས་མ་ཡ་རིག་གཞུང་ཐེབས་རྩ་དང་ ག་རུ་རྡ་བོད་ཀྱི་རིག་གཞུང་མཐུན་ཚོགས་དང་ ཡང་ཨ་རིའི་ཀེ་ལི་ཕོ་ནི་ཡ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ནང་ཆོས་གློག་བརྙན་ཚོགས་པ་དང་ཡང་ཨ་རིའི་སྦོསི་ཊོན་གྲོང་ཁྱེར་རུ་རྟེན་གཞི་བྱས་པའི་པ་རཇེ་ནོ་པ་ཡ་དགེ་རྩ་བཅས་ནས་ཟུང་འབྲེལ་གོ་སྒྲིག་ཞུ་གི་ཡོད་པ་རེད་ ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དོན་གཅོད་ལས་ཁང་གི་དབུས་ཨ་མི་རི་ཀའི་འབྲེལ་འཐུད་པ་ཚེ་དབང་ཕུན་ཚོགས་ལགས་ཀྱིས་གློག་བརྙན་དང་སྒྱུ་རྩལ་དེ་བཞིན་བགྲོ་གླེང་གི་བརྒྱུད་ནས་རིག་གཞུང་ཕན་ཚུན་གོ་རྟོགས་སྤེལ་རེས་ཀྱི་ལས་དོན་གོ་སྒྲིག་ཞུ་འཆར་ཡོད་པ་དེར་འཚམས་འདྲི་དང་བསྔགས་བརྗོད་ཀྱི་ཕྱག་བྲིས་ཕུལ་འདུག