བོད་མི་བརྡ་འཕྲིན་འཕྲུལ་ལས་ཆེད་ལས་པའི་ཚོགས་འདུ་ཐེངས་དང་པོ་རྡ་རམ་ས་ལར་འཚོགས་བཞིན་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་འཕྲུལ་རིག་ཡར་རྒྱས་གཏོང་རྒྱུ་ནི་བོད་མི་རིགས་ཀྱི་མ་འོངས་མདུན་བསྐྱོད་ཀྱི་ཁ་ཕྱོགས་དང་འབྲེལ་བ་ཡོད་པ་བོད་མི་བརྡ་འཕྲིན་འཕྲུལ་ལས་ཆེད་ལས་པའི་ཚོགས་འདུའི་སྟེང་གསུང་འདུག
འཕྲུལ་རིག་དང་དྲ་རྒྱའི་དུས་རབས་དང་མཚམས་པའི་མདུན་བསྐྱོད་ཡར་རྒྱས་ཡོང་ཆེད་བོད་མིའི་སྒྲིག་འཛུགས་ཀྱིས། རྒྱ་གར་ནང་གནས་བཞུགས་བོད་མི་བརྡ་འཕྲིན་འཕྲུལ་ལས་ཆེད་ལས་པ་༤༧ཙམ་འདུ་བསྐོང་གནང་སྟེ། བརྡ་འཕྲིན་དང་འཕྲུལ་ལས་ཡར་རྒྱས་སོགས་དང་འབྲེལ་བའི་ཚོགས་འདུ་ཐེངས་དང་པོ་དེ་བཞིན་སྤྱི་ཟླ་༡པོའི་ཚེས་༩ཉིན་བཞུགས་སྒར་རྡ་རམ་ས་ལར་འཚོགས་བཞིན་པ་དང་། སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། མ་འོངས་པར་བོད་མིའི་སྒྲིག་འཛུགས་ཀྱིས་འཕྲུལ་རིག་གི་ཐོག་ནས་ལས་དོན་གཉེར་ཕྱོགས་རྣམས་འཛམ་གླིང་གི་སྒྲིག་འཛུགས་གཞན་དང་མཉམ་པར་འགྲོ་ཐུབ་པ་བྱ་རྒྱུ་ནི་གལ་ཆེ་ཞིང་། ལྷག་ཏུ་འཕྲུལ་རིག་ཡར་རྒྱས་གཏོང་རྒྱུ་ནི་བོད་མི་རིགས་ཀྱི་མ་འོངས་མདུན་བསྐྱོད་ཀྱི་ཁ་ཕྱོགས་དང་འབྲེལ་བ་ཡོད་པ་གསུང་བྱུང་།
ཐེངས་འདིའི་བརྡ་འཕྲིན་འཕྲུལ་ལས་ཆེད་ལས་པའི་ཚོགས་འདུའི་སྟེང་། རྒྱ་གར་གྱི་འཕྲུག་རིག་བཟོ་ལས་ཁང་འདྲ་མིན་ནང་ཕྱག་ལས་གནང་མཁན་དང་། གློག་ཀླད་རྩིས་འཁོར་དགེ་རྒན་དང་ཆེད་ལས་པ། དྲྭ་རྒྱའི་བདེ་འཇགས་ཐོག་ཕྱག་ལས་གནང་མཁན། དེ་བཞིན་མཉེན་ཆས་རིགས་གསར་བཟོ་གནང་མཁན་སོགས་བོད་མི་གཞོན་སྐྱེས་མང་དག་ཅིག་མཉམ་ཞུགས་གནང་འདུག
ཚོགས་འདུ་གོ་སྒྲིག་གནང་མཁན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་གློག་ཀླད་རྩིས་འཁོར་ཀ་པུ་ཊིར་སྡེ་ཚན་གྱི་འགན་འཛིན་བསྟན་འཛིན་ཚུལ་ཁྲིམས་ལགས་ཀྱིས། ཚོགས་འདུ་འདིའི་དམིགས་ཡུལ་གཙོ་བོ་ཞིག་ནི་རྒྱ་གར་ནང་གནས་བཞུགས་བོད་མི་བརྡ་འཕྲིན་འཕྲུལ་རིག་ཆེད་ལས་པའི་ནུས་པ་དང་གནས་སྟངས་ཐད་རྒྱུས་ལོན་བྱ་རྒྱུ་དང་། ལྷག་པར་དུ་བོད་མི་འཕྲུལ་རིག་ཆེད་ལས་པ་ཚོས་མཉམ་རུབ་ཀྱི་ནུས་པ་སྤུངས་ཐབས་གནང་རྒྱུ་སོགས་ཡིན་པ་འགྲེལ་བརྗོད་གནང་བྱུང་།
རྒྱལ་ས་ལྡི་ལིར་གནས་སྡོད་བོད་མི་འཕྲུལ་རིག་ཆེད་ལས་པ་དོན་གྲུབ་པ་སངས་ལགས་ལྟ་བུར་མཚོན་ན། བོད་པའི་ཕྲུག་གུ་ཚོའི་བོད་ཡིག་གནས་ཚད་གོང་མཐོར་ཡོང་ཆེད་(Ka Learning)་ཞེས་པའི་མཉེན་ཆས་(App)གསར་བཟོ་གནང་མཁན་གྲས་ཤིག་ཡིན་འདུག
ཡང་དེ་དང་ཕྱོགས་མཚུངས་རྒྱ་གར་ཨོ་རི་ས་མངའ་སྡེའི་ནང་རྟེན་གཞི་བྱས་པའི་སམ་བྷོ་ཌ་སློབ་གྲྭའི་ཀམ་པུ་ཊར་དགེ་རྒན་བསྟན་འཛིན་བཟང་མོ་ལགས་ཀྱིས། སྔར་དང་བསྡུར་ན་ད་སྐབས་བརྡ་འཕྲིན་འཕྲུལ་ལས་ནི་ང་ཚོའི་ཉིན་རེའི་འཚོ་བའི་ནང་དུ་ཧ་ཅང་གི་འབྲེལ་བ་ཡོད་པ་མ་ཟད། སློབ་གྲྭ་ཁག་ནང་རྩིས་འཁོར་ཀམ་པུ་ཊར་གཙོས་བརྡ་འཕྲིན་འཕྲུལ་རིག་སློབ་ཁྲིད་གནང་རྒྱུ་ནི་ཧ་ཅང་གི་གལ་འགངས་ཆེན་པོ་ཆགས་ཡོད་པ་གསུང་གི་འདུག
དེ་དང་ཕྱོགས་མཚུངས་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་གསར་འཛུགས་གནང་བའི་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་ནི། བཙན་བྱོལ་བོད་མིའི་ལོ་རྒྱུས་ཁྲོད་བརྡ་འཕྲིན་འཕྲུལ་རིག་དང་འབྲེལ་བའི་ལམ་ལྷོངས་བྱུང་བའི་ཡར་ཐོན་ཅན་གྱི་ལས་གཞི་ཞིག་ཡིན་པ་མ་ཟད། སྨོན་ལམ་ཚིག་མཛོད་མཉེན་ཆས་ནི་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོའི་རྒྱ་ཆེར་བཀོད་སྤྱོད་བྱེད་མུས་ཡིན་པ་མ་ཟད། ད་བར་མི་གྲངས་ས་ཡ་༧ལྷག་གིས་མཉེན་ཆས་དེ་ཕབ་ལེན་གནང་ཡོད་འདུག
དཔེར་ན། སྨོན་ལམ་ཞིབ་འཇུག་ཁང་ནས་ཉེ་ལམ་གསར་དུ་བཏོན་པའི་གནས་ཚུལ་ཞིག་ནི། སྨོན་ལམ་རིག་ནུས་(Monlam AI)ཞེས་པའི་ལས་འཆར་ཏེ། བཅོས་མའི་ཤེས་པ་(Artificial Intelligence)་མཉེན་ཆས་གསར་བཟོའི་ལས་གཞི་སྤྱི་ལོ་གསར་པ་ཤར་མ་ཐག་ཏུ་དབུ་འཛུགས་སྒོ་འབྱེད་གནང་ཡོད་པ་རེད།
གཞན་ཡང་ད་རེས་རྡ་རམ་ས་ལར་བསྐོངས་ཚོགས་གནང་བའི་བོད་མི་བརྡ་འཕྲིན་འཕྲུལ་རིག་ཆེད་ལས་པའི་ཚོགས་འདུའི་ཐོག བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་དེ་བཞིན་དྲ་ལམ་བརྒྱུད་ནས་བསྡུ་འབུལ་གནང་སྟངས་ཐད་བསམ་ཚུལ་བརྗེ་ལེན་གནང་རྒྱུ་དང་། དེ་སྔོན་ལག་བསྟར་ཞུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་གློག་འཕྲུལ་ཡིག་ཚགས་(CTA E-Filing System)་སྐོར་གྲོས་བསྡུར་གནང་རྒྱུ། དེ་བཞིན་མཉེས་ཆས་དང་འགུལ་བརྙན་བཟོ་སྟངས་དང་བོད་མིའི་སྤྱི་ཚོགས་ཁྲོད་དེ་དག་བེད་སྤྱོད་གནང་ཕྱོགས་སོགས་ཀྱི་ཐོག་གོ་བསྡུར་སྦྱང་བཤད་གནང་གི་ཡོད་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།