ནིའུ་ཡོག་གྲོང་ཁྱེར་ནང་བོད་དོན་ཆེད་གཞས་སྣ་འདུ་འཛོམས།
2011.03.02
༄༅༎ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་བོད་ཁང་གིས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམ་གོང་འཕེལ་གཏོང་རྒྱུར་དམིགས་ནས་མ་དངུལ་འདུ་རུབ་ཀྱི་གཞས་སྣའི་འདུ་འཛོམས་ཤིག་དེ་རིང་སྤེལ་གནང་གི་ཡོད་པ་དང་ དེའི་ཐོག་སྙན་གྲགས་ཅན་གྱི་གཞས་གདངས་རྩོམ་པ་པོ་ཕི་ལིབ་ག་ལ་སེ་དང་མའེ་ཀལ་སི་ཀྲའེབ་སོགས་གདན་ཞུ་གནང་ཡོད་པ་མ་ཟད་ ཨ་རིའི་སྙན་གྲགས་ཆེ་བའི་རོལ་དབྱངས་གཏོང་མཁན་གྱི་ཚོགས་པ་ཕེ་ལེ་མིང་ལིབ་སི་ཡང་གདན་ཞུ་གནང་ནས་འདུ་འཛོམས་ཐོག་གཞས་སྣ་གཟིགས་འབུལ་ཞུ་རྒྱུ་ཡིན་པའི་སྐོར་ནིའུ་ཡོག་གྲོང་ཁྱེར་ནང་འགྲེམས་སྤེལ་བྱེད་ཀྱི་ཡོད་པའི་མེ་ཏྲོ་ཚགས་ཤོག་ཐོག་གནས་ཚུལ་འཁོད་ཡོད་འདུག རོལ་དབྱངས་ཚོགས་པ་ཕེ་ལེ་མིང་ལིབ་སི་ ནང་གཞས་གཏོང་གནང་མཁན་ལྦ་ཡེན་ཁོའེན་ཡིས་ བོད་མི་ད་དུང་ཡང་བཙན་བྱོལ་ནང་གནས་ཐུབ་པ་དེར་ཁོང་རང་ཧ་ཅང་དགའ་པོ་ཡོད་པ་དང་ སྤྱི་ཚོགས་ཁྲོད་གཞན་ཕན་གྱི་འདུ་ཤེས་དང་ རོགས་རམ་བྱེད་སེམས་ཡོད་པ་མཐོང་དུས་སེམས་ནང་ཧ་ཅང་གི་དགའ་པོ་ཡོང་གི་འདུག ང་རང་སྒེར་གྱི་ངོས་ནས་རོལ་དབྱངས་ཀྱི་རྣམ་པའི་ཐོག་ནས་རོགས་རམ་དགོས་པའི་མི་རྣམས་ལ་རོགས་རམ་བྱ་རྒྱུ་བྱུང་བར་དགའ་པོ་བྱུང་ཞེས་བརྗོད་འདུག བོད་ཁང་གིས་སྤེལ་རྒྱུའི་རོལ་དབྱངས་འདུ་འཛོམས་དེའི་ཐོག་ཨ་རིའི་ནང་གི་སྙན་གྲགས་ཅན་གྱི་རོལ་དབྱངས་ཚོགས་པ་ཁག་དང་ གཞས་གདངས་རྩོམ་པ་པོ་སོགས་མི་སྣ་མང་པོ་ཞིག་གདན་ཞུ་གནང་ཡོད་པ་ཕུད་ད་དུང་བོད་ཀྱི་དུས་རབས་ལྔ་པའི་སྐབས་ནས་དར་བའི་ནང་ཆོས་ཀྱི་སྒྲ་དབྱངས་དང་བོད་ཀྱི་སྲོལ་རྒྱུན་གྱི་གཞས་སྣ་ཡང་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག