མཚོ་སྔོན་གསེར་ཁོག་རྫོང་དུ་ཆུ་ལོག་གི་རྐྱེན་གྱིས་མི་མང་པོར་ཤི་རྨས་བྱུང་ཡོད་འདུག

2022.08.18
མཚོ་སྔོན་གསེར་ཁོག་རྫོང་དུ་ཆུ་ལོག་གི་རྐྱེན་གྱིས་མི་མང་པོར་ཤི་རྨས་བྱུང་ཡོད་འདུག རྒྱ་ནག་གཞུང་འབྲེལ་གྱི་གྲངས་ཐོ་ལྟར་ན། དེ་རིང་ཕྱི་ཚེས་༡༨ཉིན་གུང་བར་མི་༡༦རྐྱེན་འདས་དང་མི་༣༧བོར་བརླག་ཕྱིན་ཡོད་སྐོར་བཀོད་འདུག
Weibo

ཕྱི་ཟླ་༨ཚེས་༡༧ཉིན་གྱི་བོད་ནང་གི་མཚན་མོའི་ཆུ་ཚོད་༡༠་དང་སྐར་མ་༢༥་སྟེང་། བོད་ནང་གི་མཚོ་སྔོན་ཞིང་ག་ཆེན་གསེར་ཁོག་རྫོང་(大通县)དུ་ཆར་ཞོད་རྐྱེན་གྱིས་གློ་བུར་ཆུ་ལོག་དང་འདམ་རུད་བྱུང་སྟེ། རྒྱ་ནག་གཞུང་འབྲེལ་གྱི་གྲངས་ཐོ་ལྟར་ན། དེ་རིང་ཕྱི་ཚེས་༡༨ཉིན་གུང་བར་མི་༡༦རྐྱེན་འདས་དང་མི་༣༧བོར་བརླག་ཕྱིན་ཡོད་སྐོར་བཀོད་ཡོད་པ་དང་། བཙན་བྱོལ་ནང་གནས་སྡོད་འབྲེལ་ཡོད་བོད་མི་ཞིག་ནས་ཐེངས་འདིར་ཆུ་ལོག་གིས་གནོད་སྐྱོན་ཆེན་པོ་ཐེབས་ཡོད་ན་ཡང་། ད་དུང་མི་ཤི་རྨས་ཀྱི་གྲངས་ཐོ་ཁ་གསལ་མེད་སྐོར་འགྲེལ་བརྗོད་གནང་གི་འདུག

རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་ཐེངས་འདིར་ཆུ་ལོག་གིས་གནོད་སྐྱོན་ཐེབས་ཁུལ་དེ་གྲོང་བརྡལ་གཉིས་ཀྱི་ཡུལ་ཚོ་དྲུག་གི་ནང་བྱུང་ཡོད་པ་དང་། རྒྱ་ནག་གཞུང་གིས་ས་གནས་སུ་དྲག་ཆས་ཉེན་རྟོག་པ་དང་། སྨན་པ་སོགས་ཀྱིས་མྱུར་སྐྱོབ་རླངས་འཁོར་༡༦༠ལྷག་ཆེད་གཏོང་གིས་གནོད་ཐེབས་མྱུར་སྐྱོབ་བྱེད་བཞིན་པ་ཡིན་སྐོར་བརྗོད་ཡོད་ཀྱང་། བོད་ནང་གི་སྤྱི་ཚོགས་དྲ་ལམ་ཁག་ནང་ཆུ་ལོག་གི་བརྙན་སོགས་སྐུར་བཞིན་པའི་ནང་ལམ་དང་ཁང་པ་སོགས་སུ་འདམ་རྙོག་གིས་ཁེངས་ཏེ། ཡུལ་མི་ཚོས་གཙང་བཟོ་བྱེད་བཞིན་པ་མཐོང་རྒྱུ་འདུག

གསེར་ཁོག་རྫོང་ངམ་རྒྱ་ནག་གཞུང་འབྲེལ་གྱིས་ཏ་ཐང་རྫོང་དུ་འབོད་པའི་ས་ཆ་དེ་ནི་མཚོ་སྔོན་ཟི་ལིང་གྲོང་ཁྱེར་ནས་སྤྱི་ལེ་༤༠ལྷག་གི་མཚམས་སུ་ཡོད་པ་དང་། རྒྱ་ནག་གཞུང་གིས་ཐེངས་འདིར་ཆུ་ལོག་དང་འདམ་རུད་ཀྱི་གནོན་སྐྱོན་བྱུང་ཁུལ་དུ་དུད་ཁྱིམ་༡༥༡༧་དང་ཡུལ་མི་༦༢༤༥་ཡོད་སྐོར་བཀོད་ཡོད་པ་དང་། གནས་ཚུལ་མཁོ་སྤྲོད་པས་ཆུག་ལོག་རྐྱེན་གྱིས་ཡུལ་མིའི་ཞིང་ཁ་དང་སྒོ་ཕྱུག་སེམས་ཅན་མང་དག་ཅིག་ལ་གནོད་སྐྱོན་བྱུང་ཡོད་པ་དང་། ཡུལ་དེར་ཕྱི་ཚེས་༡༧ཉིན་གྱི་ཞོགས་པ་ནས་ཆར་བ་འབབ་མགོ་ཚུགས་ཏེ། མཚན་དཀྱིལ་གློ་བུར་ཆེ་རུ་ཕྱིན་པ་ཞིག་ཡིན་པ་བརྗོད་བྱུང་།

སྤྱིར་ཉེ་བའི་ཉིན་ཤས་ནང་བོད་ནང་ཆུ་ལོག་བྱུང་བ་དང་།ཕྱི་ཚེས་༡༥ཉིན་རྫ་སྟོད་རྫོང་དུ་ས་ཡོམ་ཚད་རིམ་༥.༩་ཅན་ཞིག་བརྒྱབ་ཡོད་པ་དང་། དེ་བཞིན་ཕྱི་ཟླ་༧པའི་ཚེས་༢༠་སྟེ་བོད་ནང་གི་དབྱར་ཁའི་དཀྱིལ་ལ་མཚོ་སྔོན་རྐང་ཚ་སོགས་སུ་ཁ་བ་འབབ་པ་སོགས་ཀྱི་གནས་ཚུལ་བྱུང་བཞིན་ཡོད་པ་རྒྱ་ནག་གཞུང་འབྲེལ་གསར་ལམ་དང་། བོད་ནང་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ་བརྒྱུད་སྤེལ་བྱས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན། 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎