བསང་ཆུ་རྫོང་མར་ཐང་གྲོང་སྡེའི་འདམ་རུད་དང་ཆུ་ལོག་ཁྲོད་མི་བཞི་རྐྱེན་འདས་སུ་ཕྱིན་ཡོད་འདུག

ཕྱི་ཟླ་༧ཚེས་༡༠་ཉིན་གྱི་མཚན་དཀྱིལ་ཆུ་ཚོད་༡༡་དང་ཕྱེད་ཀ་ཙམ་གྱི་སྟེང་། བོད་ནང་གི་མདོ་སྨད་བླ་བྲང་བསང་ཆུ་རྫོང་མར་ཐང་གྲོང་སྡེའི་ནང་། ཆར་ཞོད་རྐྱེན་གྱིས་ཆུ་ལོག་དང་འདམ་རུད་བྱུང་ཡོད་པ་བཞིན། ད་ལྟའི་ཆར་དོན་རྐྱེན་དེའི་ཁྲོད་ཤེས་རྟོགས་བྱུང་བ་མི་གྲངས་༤་འདས་གྲོངས་དང་མི་༢༠ལྷག་ལ་རྨས་སྐྱོན་དང་མི་༨་སྨན་ཁང་དུ་ཉལ་དགོས་བྱུང་ཡོད་པ་དང་། སྒོ་ཟོག་སེམས་ཅན་མང་པོར་ཤི་སྐྱོན་དང་ར་བ་དང་ལམ་ཁ་སོགས་ལ་གཏོར་སྐྱོན་ཐེབས་ཡོད་འདུག་ལ། རྒྱ་ནག་གཞུང་གིས་ས་གནས་ཡུལ་མི་ཚོར་འདམ་རུད་དང་ཆུ་ལོག་གི་གནོད་སྐྱོན་རིགས་དྲ་ལམ་ཁག་ཏུ་ཁྱབ་སྤེལ་གཏོང་མི་ཆོག་པའི་བཀོད་ཁྱབ་གཏོང་བཞིན་ཡོད་པ། བོད་ཕྱི་ནང་གཉིས་ཀྱི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་འབྲེལ་བོད་ནང་གི་བོད་མི་གཅིག་ནས་མུ་མཐུད་བརྗོད་དོན་ལ། ད་ལྟའི་ཆར་གྲོང་ཚོའི་སྡོད་ཁང་དང་ར་བ་སོགས་སུ་འདམ་རུད་དང་ཆུ་ལོག་བྱུང་བ་ཁག་ས་གནས་ཡུལ་མི་དང་། ཉེ་འཁོར་བོད་མི་ཧོར་གཙང་སྡེ་བ་དང་། རྒྱ་ནག་གཞུང་འབྲེལ་གནོད་སྐྱོབ་རུ་ཁག་སོགས་ཀྱི་རོགས་རམས་འོག་གཙང་བཟོ་ཐུབ་ཡོད་པ་དང་། ཁྱིམ་ཚང་ཁ་ཤས་ཀྱི་ཁྱིམ་ནང་འདམ་རུད་ཀྱིས་ཁེངས་ཏེ་མིའི་སྐེད་པ་བར་གྱི་མཐོ་ཚད་སོན་ཡོད་པ་མ་ཟད། འབྲུ་རིགས་གསོག་ཉར་བྱས་ཡོད་རིགས་ལ་གནོད་སྐྱོན་ཐེབས་ཡོད་འདུག་ལ། ད་ལྟའི་ཆར་སྒོ་ཟོག་སེམས་ཅན་ག་ཚོད་ལ་ཤི་སྐྱོན་དང་རྒྱུ་ནོར་ལ་གནོད་འཚེ་བྱུང་བའི་རིགས་ལ་གཞུང་ངོས་ནས་རྩིས་ལེན་བྱེད་བཞིན་ཡོད་པ་ལས། ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མེད་ཀྱང་ཁྱོན་ཡོངས་ནས་མི་རྒྱུ་གཉིས་ལ་གནོད་སྐྱོན་ཐེབས་ཚད་ཤུགས་ཆེན་པོ་ཡིན་པ་འགྲེལ་བརྗོད་གནང་གི་འདུག
ལོ་ལྟར་བོད་ནང་དབྱར་ཁ་དང་བསྟུན་ས་གནས་མང་དག་ཅིག་ཏུ་ཆར་ཞོད་དང་ཆུ་ལོག་གིས་གནོད་འཚེ་བྱུང་གི་ཡོད་པ་རེད་ལ། ཕྱི་ཟླ་༧ཚེས་༡༢་ཉིན་བསྐྱར་དུ་རྒྱ་ནག་གཞུང་འབྲེལ་གནམ་གཤིས་བརྟག་དཔྱད་ཁང་ཟེར་བས། ཀན་སུའུ་ཡི་ལྷོ་ནུབ་རྒྱུད། མཚོ་སྔོན་གྱི་ཤར་རྒྱུད་དང་ལྷོ་རྒྱུད། བོད་ལྗོངས་ཀྱི་བྱང་རྒྱུད་དང་ཤར་ལྷོ་རྒྱུད་སོགས་སུ་དྲག་ཆར་འབབ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་དང་། ཡང་འབྲེལ་ཡོད་ནས་ཐེངས་འདིར་ཆར་ཞོད་དེ་བླ་བྲང་དང་རྒན་གྱ། ཧོར་གཙང་། སྒྱིས་ཚང་། དམེ་ཤུལ། རྒྱ་སྒར་ཐང་། འབོ་ར། གཙོས་སོགས་སུ་ཤུགས་ཆེར་བབ་ཡོད་ཀྱང་། ས་གནས་དེ་དག་ཏུ་མི་དང་སྒོ་ཟོག་སེམས་ཅན་ལ་གནོད་སྐྱོན་བཟོས་མེད་པ་དང་། ད་ལྟའི་ཆར་ས་གནས་སུ་ཆར་ཞོད་ཅུང་ཙམ་ཞི་འཇགས་སུ་ཕྱིན་ཡོད་པ་འགྲེལ་བརྗོད་གནང་གི་འདུག ལོ་ལྟར་བོད་ནང་ཁོར་ཡུག་གཏོར་སྐྱོན་དང་གནམ་གཤིས་འགྱུར་ལྡོག་གི་རྐྱེན་གྱིས་བོད་ཀྱི་ས་ཁུལ་མང་དག་ཅིག་ནང་། དབྱར་ཁ་དང་བསྟུན་ཆར་ཞོད་དང་ཆུ་ལོག་གིས་གནོད་འཚེ་བྱུང་གི་ཡོད་པ་རེད་ལ། ཕྱི་ལོ་༢༠༢༢ལོའི་ཕྱི་ཟླ་༨ནང་བླ་བྲང་བསང་ཆུ་རྫོང་དང་རེབ་གོང་ཕྱོགས་སུ་ཆུ་ལོག་རྒྱུག་ནས། བསང་ཆུ་རྫོང་གི་རྒྱོའུ་རྒྱ་གྲོང་ཚོ་གཙོས་གྲོང་ཚོ་བདུན་དང་ཡུལ་ཚོ་ཁ་ཤས་ལ་གནོད་འཚེ་ཕོག་པ་དང་། དེ་བཞིན་ལོ་དེའི་ཕྱི་ཟླ་༨ཚེས་༢༡ཉིན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མང་ར་རྫོང་དུ་སེར་ཆར་རྐྱེན་གྱིས་ཆུ་ལོག་བྱུང་སྟེ། མང་ར་རྫོང་གོང་བ་སྡེ་བ་དང་རུ་མང་སྡེ་བ་ཞེས་པའི་འབྲོག་སྡེ་གཉིས་སུ་ཆུ་ལོག་རྒྱུགས་ནས། མི་གྲངས་༥་དང་ཕྱུགས་ཟོག་སེམས་ཅན་གྲངས་༢༠༠༠ལྷག་ལ་ཤི་སྐྱོན་བྱུང་བ་སོགས་ཀྱི་གནས་ཚུལ་ཐོན་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།