རྒྱལ་བ་ཀརྨ་པ་དང་རྒྱ་ནག་འབྲེལ་བ་མེད།
2011.02.01
༄༅༎བོད་མི་དང་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་རིགས་དེ་བཞིན་ཕྱི་རྒྱལ་བ་སོགས་དད་ལྡན་པ་སྟོང་ཕྲག་འགའ་ཤས་དཔལ་རྒྱལ་དབང་ཀརྨ་པ་རིན་པོ་ཆེའི་ཕྲལ་སེལ་གྱི་བཞུགས་ཡུལ་རྡ་རམ་ས་ལའི་ཉེ་འགྲམ་དུ་ཆགས་པའི་རྒྱུད་སྟོད་ར་མོ་ཆེར་འདུ་འཛོམས་ཀྱིས་ཉེ་ཆར་ཚུར་ཕུ་བླ་བྲང་ནས་དངུལ་ཁྱོན་ཆེ་ཞིག་རྒྱ་གར་གྱི་ཉེན་རྟོག་པས་འདོན་འཁྱེར་བྱས་པའི་གནས་ཚུལ་དང་འབྲེལ་བའི་ཐོག་ནས་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་མང་དག་ཞིག་གི་ནང་ཀརྨ་པ་རིན་པོ་ཆེ་མཆོག་དང་རྒྱ་ནག་དབར་འབྲེལ་བ་ཡོད་ལུགས་སོགས་ཀྱི་གནས་ཚུལ་ཤུགས་ཆེ་འདོན་སྤེལ་བྱེད་བཞིན་པར་ངོ་རྒོལ་དང་ཀརྨ་པ་རིན་པོ་ཆེ་མཆོག་ལ་མི་དམངས་ཀྱིས་མུ་འཐུད་དད་གུས་ཧ་ཅང་ཆེན་པོ་ཞུ་བཞིན་ཡོད་པ་མཚོན་ཆེད་ཉིན་གྲངས་གཉིས་བསྟུད་མར་མར་མེའི་ཁྲོམ་བསྐོར་སོགས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་རེད།
ལས་འགུལ་དེ་དག་གི་ནང་མཉམ་ཞུགས་བྱེད་མཁན་ཚོས་རྒྱ་གར་དབུས་གཞུང་གི་ནང་སྲིད་བློན་ཆེན་སྐུ་ཞབས་པི་ཆི་རྡམ་སྦ་རམ་མཆོག་གིས་ ཀརྨ་པ་རིན་པོ་ཆེའི་གནད་དོན་ཐད་ཞིབ་དཔྱོད་མུ་འཐུད་འགྲོ་བཞིན་ཡོད་པ་ལས་ མཐའ་མའི་ཐག་གཅོད་གང་ཡང་བྱུང་མེད་པ་གསལ་པོར་གསུངས་བཞིན་དུ་ རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་རྒྱ་གར་གྱི་གསང་བའི་ལས་བྱེད་པ་མིང་འབོད་བྱེད་འདོད་མེད་པ་ཁག་ཅིག་གིས་བརྗོད་ལུགས་ལུང་འདྲེན་བྱས་ཏེ་ རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་དང་རྒྱ་ནག་དབར་འབྲེལ་བ་ཡོད་ལུགས་ཀྱི་གནས་ཚུལ་བཀོད་སྤེལ་བྱེད་བཞིན་པ་དེ་ནི་མཐའ་གཅིག་ཏུ་གསར་འགོད་པའི་སྒྲིགས་ཁྲིམས་དང་འགལ་བ་ཡིན་པ་བརྗོད་བཞིན་ཡོད་ལ་ གཟའ་ལྷག་པའི་ཉིན་ལས་འགུལ་གོ་སྒྲིག་པ་ཚོས་ཧི་མ་ཅལ་མངའ་སྡེ་དང་དེ་མིན་རྡ་རམ་ས་ལའི་ཉེ་འཁོར་གྱི་ས་གནས་མང་པོ་ནང་ཀརྨ་པ་རིན་པོ་ཆེ་མཆོག་ལ་རྒྱབ་སྐྱོར་ཞུ་མཁན་ཁྱོན་ཆེ་འདུས་པའི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་རྒྱུའི་འཆར་གཞི་ཡོད་འདུག།
ཉེ་ཆར་ཚུར་ཕུ་བླ་བྲང་ནས་རྒྱ་གར་གྱི་སྒོར་མོ་དང་དེ་མིན་རྒྱ་ནག་གི་མི་དམངས་ཤོག་དངུལ་ལ་སོགས་པ་ཕྱིའི་རྒྱལ་ཁབ་མང་པོ་ཞིག་གི་དངུལ་དམར་འབོར་ཆེན་ཞིག་འདོན་པར་རྒྱ་གར་གཞུང་གི་ཁྲལ་བསྡུ་ལས་ཁུངས་ཀྱིས་ཞིབ་དཔྱོད་བྱེད་བཞིན་ཡོད་པར་མ་ཟད་རྒྱ་མིའི་དངུལ་འབུམ་ཁ་ཤས་དོན་པ་དེའི་ཐོག་རྒྱ་གར་གྱི་ཉེན་རྟོག་པ་དང་གསང་བའི་ལས་དོན་ཚན་པའི་མི་སྣས་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་ལ་དྲི་ཞིབ་ཞུས་ཡོད་པ་རེད།