བོད་ནང་གི་ས་ཁུལ་ཁག་ཅིག་ནང་མེ་སྐྱོན་ཤུགས་ཆེ་ཤོར་བཞིན་ཡོད་ན་ཡང་རྒྱ་ནག་གཞུང་འབྲེལ་ངོས་ནས་ཞིབ་ཕྲའི་གནས་ཚུལ་ཕྱིར་བསྒྲགས་བྱས་མེད་པ།

2025.02.06
ཕྱི་ཟླ་ ༡ ཚེས་ ༢༣ ནས་ཕྱི་ཟླ་ ༢ ཚེས་ ༦ བར་སྐྱིད་གྲོང་རྫོང་དུ་སྤྱི་ལེ་གྲུ་བཞི་མ་ ༦༠ སར་མི་སྐྱོན་ཁྱབ་གདལ་བྱུང་པ་སྲུང་སྐར་ནས་བླངས་པའི་པར་རིས་ནས་ཤེས་རྟོགས་བྱུང་ཡོད།
NASA FIRMS

མི་སེར་གྱི་འདྲ་པར། ཕྱོགས་སྒྲིགའདས་པའི་བདུན་ཕྲག་གཉིས་ནང་བོད་ཀྱི་ས་ཁུལ་འདྲ་མིན་བཞིའི་ནགས་ཚལ་ལ་མེ་སྐྱོན་བྱུང་ཡོད་པ་དང་། དེའི་ནང་ནས་མེ་སྐྱོན་ཆེ་ཤོས་དེ་ ༢༠༢༥ ཟླ་ ༡ ཚེས་ ༢༣ ཉིན་སྐྱིད་གྲོང་རྫོང་དུ་འགོ་ཚུགས་ཤིང་ད་དུང་ཡང་མེ་སྐྱོན་ཚོད་འཛིན་བྱེད་ཐུབ་མེད་པར་ལྷག་ཡོད་པ་དེ་ཡིན་ཞིང་།  རྒྱ་ནག་གཞུང་འབྲེལ་ངོས་ནས་མེ་སྐྱོན་དང་འབྲེལ་བའི་གནས་ཚུལ་ཁྱབ་གདལ་ལ་དམ་དྲག་དང་བཀག་འགོག་བྱེད་བཞིན་ཡོད་པས། ཞིབ་ཕྲ་རྩད་འཚོལ་བྱེད་ཐུབ་ཀྱི་མེད་པ་བཙན་བྱོལ་ནང་ཡོད་པའི་འབྲེལ་ཡོད་བོད་མི་ཞིག་གིས་བརྗོད་བྱུང་ལ།  ས་གནས་དེའི་ནང་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༦༠ སར་མེ་འབར་ཡོད་པ་མི་བཟོས་སྲུང་སྐར་གྱི་པར་རིས། NASA FIRMS (Fire Information for Resource Management System) གྱིས་བླངས་པའི་པར་རིས་ས་ཁྲ་དྲྭ་ཐོག་ཏུ་བཀོད་པ་ལས་ཤེས་རྟོགས་བྱུང་ཡོད།

WhatsApp Image 2025-02-06 at 5.21.53 PM.jpeg

NASA FIRMS

བོད་ཀྱི་ས་ཁུལ་ཁག་བཞིའི་ནང་མེ་སྐྱོན།

ཟླ་ ༢ ཚེས་ ༥ ཉིན་བོད་ནང་གི་ཛམ་ཐང་རྫོང་རྐ་མདའ་གྲོང་བརྡལ་གྱི་རི་མགོའི་ཤིང་ནགས་ཁྲོད་མེ་ཤུགས་ཆེ་ཤོར་བཞིན་ཡོད་པ་དང་། དེ་བཞིན་ཟླ་ ༢ ཚེས་ ༢ ཉིན་ནས་ཉག་ཆུ་རྫོང་མཁར་རིང་པོ་ཡུལ་ཚོའི་རི་མགོའི་ཤིང་ནགས་ལ་མེ་གསོད་མ་ཐུབ་པར་ཉིན་གྲངས་ ༥ འགྲོ་བཞིན་ཡོད་ལ། གཞན་ཡང་དེ་སྔ་ཟླ་ ༡ ཚེས་ ༢༥ ཉིན་ནག་ཆུ་ས་ཁུལ་སྦྲ་ཆེན་རྫོང་སྒང་རི་ཡུལ་ཚོའི་རྩ་ཐང་ལ་མེ་སྐྱོན་ཤོར་དེ་གསོད་མཁན་མེད་པར་ཉིན་གྲངས་ ༡༢ འགྲོ་བཞིན་ཡོད། དེ་མ་ཟད་ཟླ་ ༡ ཚེས་ ༢༣ ཉིན་གཞིས་ཀ་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་ས་ལེ་ཤང་གི་རི་འགོའི་ནགས་ཚལ་ལ་མེ་སྐྱོན་ཚབས་ཆེན་ཤོར་བའི་གནས་ཚུལ་བྱུང་ཡོད་ཀྱང་། རྒྱ་ནག་གཞུང་འབྲེལ་ངོས་ནས་མེ་སྐྱོན་བྱུང་བཞིན་པའི་གནས་ཚུལ་ཙམ་ལས། མེ་སྐྱོན་རྐྱེན་གྱིས་ས་གནས་སུ་གནོད་སྐྱོན་བྱུང་ཡོད་མེད་འགོད་སྤེལ་བྱེད་ཀྱི་མེད་ཅིང་། ལྷག་པར་དུ་ཉག་ཆུ་རྫོང་དང་ནག་ཆུའི་མེ་སྐྱོན་གྱི་གནས་ཚུལ་སྤྱི་ཚོགས་དྲ་ལམ་དུ་རྒྱུད་སྐུར་མི་ཆོག་པའི་དམ་དྲག་བྱེད་བཞིན་ཡོད་པ། བོད་ནང་གི་འབྲེལ་ཡོད་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཡང་ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༢༥ ནས་བཟུང་བོད་ནག་ཆུ་ས་ཁུལ་སྦྲ་ཆེན་རྫོང་གྱི་སྒང་རི་ཡུལ་ཚོརཡང་ནགས་ཚལ་ལ་མེ་སྐྱོན་བྱུང་སྟེ་ཉིན་གྲངས་ ༡༢ ཡོད། གཞན་ཡང་ཟི་ཁྲོན་ཞིང་ཆེན་དུ་ནགས་ཚལ་མེ་སྐྱོན་གཉིས་བྱུང་ཡོད་པ་སྟེ། གཅིག་ནི་ཕྱི་ཟླ་ ༢ ཚེས་ ༢ ཉིན་ཉག་ཆུ་རྫོང་གི་རིང་པོ་གྲོང་ཚོའི་ཉེ་འགྲམ་དུ་བྱུང་བ་དང་། གཞན་དེ་ནི་ཕྱི་ཟླ་ ༢ ཚེས་ ༥ ཉིན་འཛམ་ཐང་རྫོང་གི་སྒམ་མདའ་གྲོང་ཚོའི་ཉེ་འགྲམ་དུ་བྱུང་ཡོད་པ་རེད།

རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་གི་གནས་ཚུལ་ལྟར་ན། ད་བར་མིའི་ཚེ་སྲོག་ལ་སྐྱོན་གང་ཡང་བྱུང་མེད་པ་བསྒྲགས་ཀྱང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གནས་ཚུལ་འབྱུང་ཁུངས་ཀྱིས་བརྗོད་དོན་ལྟར་ན། རྒྱ་ནག་གཞུང་གིས་ས་གནས་མི་མང་ཚོར་གོད་ཆག་འདིའི་སྐོར་སྤྱི་ཚོགས་དྲྭ་ལམ་ཐོག་མཉམ་སྤྱོད་བྱ་རྒྱུར་དམ་བསྒྲགས་བྱས་ཡོད་འདུག


སྐྱིད་གྲོང་གི་མེ་སྐྱོན།
རང་ཉིད་དང་བོད་ནང་གི་ཉེ་འབྲེལ་གྱི་བདེ་འཇགས་ཆེད་མིང་བརྗོད་འདོད་མེད་པའི་འབྲེལ་ཡོད་གནས་ཚུལ་འབྱུང་ཁུངས་ཁག་གིས་བརྗོད་དོན་ལྟར་ན། ཕྱི་ཟླ་ ༡ ཚེས་ ༢༣ ཉིན་གཞིས་ཀ་རྩེ་ས་ཁུལ་སྐྱིད་གྲོང་རྫོང་གི་ས་ལེ་ཡུལ་ཚོའི་རི་རྒྱུད་དུ་བྱུང་བའི་ནགས་ཚལ་མེ་སྐྱོན་དེས་རི་རྒྱུད་ཀྱི་ནགས་ཚལ་སྟུག་པོའི་ནང་གི་རི་དྭགས་སེམས་ཅན་ཚོར་གནོད་སྐྱོན་ཚབས་ཆེན་བཟོས་ཡོད་པ་དང་། རྒྱ་ནག་གཞུང་གིས་མེ་གསོད་མི་སྣ་ཉུང་ཤས་ལས་མངགས་གཏོང་བྱས་མེད་པའི་རྐྱེན་གྱིས་བདུན་ཕྲག་གཉིས་ཀྱི་རྗེས་སུའང་མེ་སྐྱོན་མུ་མཐུད་ཁྱབ་གདལ་འགྲོ་བཞིན་ཡོད་པ་བརྗོད་ཀྱི་འདུག  སྐྱིད་གྲོང་རྫོང་གི་ཤིང་ནགས་ལ་མེ་སྐྱོན་བྱུང་པ་དེ་འདས་པའི་བདུན་ཕྲག་གཉིས་རིང་འབར་བཞིན་ཡོད་པས། ༢༠༢༥ ཟླ་ ༢ ཚེས་ ༦ བར་མེ་སྐྱོན་ཁྱབ་ཚད་སྤྱི་ལེ་གྲུ་བཞི་མ་ ༣༨ ཡིན་པ་གསལ་སྟོན་བྱེད་ཀྱི་འདུག
WhatsApp Image 2025-02-06 at 4.22.29 PM.jpeg

སྐྱིད་གྲོང་རྫོང་ནི་རྩི་ཤིང་དང་སྐྱེ་དངོས་སྣ་མང་གིས་ཕྱུག་པའི་ས་ཁུལ་ཞིག་ཡིན་པ་དང་། ནགས་ཚལ་ཁྱོན་བསྡོམས་ཧེག་ཊར་འབུམ་གཅིག་དང་ཁྲི་བཞི་སྟོང་སུམ་བརྒྱ་ཙམ་ཡོད་པའི་ནང་ནས་ཧེག་ཊར་འབུམ་གཅིག་དང་ཉིས་ཁྲི་བརྒྱད་སྟོང་ནི་ཇོ་མོ་གླང་མ་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ཁོངས་སུ་གཏོགས་ཤིང་། དེ་ནི་བལ་ཡུལ་དང་ས་མཚམས་འབྲེལ་བའི་སྲུང་སྐྱོབ་སྐྱེ་ཁམས་ས་ཁུལ་ཞིག་ཡིན་པ་སྐྱིད་གྲོང་རྫོང་གི་ནགས་ཚལ་དང་རྩྭ་ཐང་ལས་ཁུངས་ཀྱི་གནས་ཚུལ་ལས་ཤེས་རྟོགས་བྱུང་ཡོད། 

སྐྱིད་གྲོང་རྫོང་གི་ནགས་ཚལ་དང་རྩྭ་ཐང་མེ་སྐྱོན་ཛ་དྲག་འཆར་གཞི་ཡི་གསལ་བསྒྲགས་ནང་གསལ་བ་ལྟར་ན། དོན་རྐྱེན་འདི་ལ་མེ་སྐྱོན་བྱུང་བའི་ཉིན་རྗེས་མའི་ཕྱི་དྲོ་ཆུ་ཚོད་ ༢ པའི་ཐོག་མེ་སྐྱོན་གྱི་ཛ་དྲག་ཚད་འཇལ་རིམ་པ་ ༤ པའི་གནས་བབ་ལས་ལྷག་པའི་གདོང་ལེན་བྱས་མེད་པ་རེད། 

བོད་སྐྱིད་གྲོང་རྫོང་གི་བོད་མི་ཚོ་དང་འབྲེལ་བ་ཡོད་པའི་བཙན་བྱོལ་ནང་གི་བོད་མི་ཞིག་གིས།  "མེ་སྐྱོན་འདི་ནི་གངས་དང་ཆར་ཆུ་མེད་པའི་རྐྱེན་གྱིས་ས་གཞི་དང་ཤིང་ནགས་སྐམ་པོར་གྱུར་པའི་རི་རྩེར་གློག་སྐུད་ལས་བྱུང་བ་ཞིག་དང་། རྒྱ་ནག་གཞུང་གིས་མེ་གསོད་རུ་ཁག་གི་ལས་དོན་མི་སྣ་ཉུང་ཤས་ལས་མངགས་གཏོང་བྱས་མེད་པས་མེ་སྐྱོན་བྱུང་ནས་ཉིན་བཅུ་ལྷག་འགོར་ཡང་མེ་གསོད་ཚོད་འཛིན་བྱེད་ཐུབ་མེད་པ་དང་། མེ་སྐྱོན་བྱུང་པའི་ཉིན་མོར་ས་གནས་སུ་མི་ལ་ཐད་ཀར་རྐྱེན་ངན་ཆེ་བ་ཛ་དྲག་རིགས་བྱུང་མེད་ན་ཡང་། རི་དྭགས་སེམས་ཅན་མང་པོར་དཀའ་ངལ་འཕྲད་ཡོད་པའི་ཚོད་དཔག་བྱེད་ཀྱི་འདུག" ཅེས་བརྗོད་བྱུང་།

སྐྱིད་གྲོང་རྫོང་གི་ནགས་ཚལ་རྒྱ་ཆེན་པོའི་ནང་ཤིང་སྣ་རིགས་བརྒྱ་ལྷག་ཡོད་པ་དང་། དེའི་ནང་དཀོན་པའི་རང་བཞིན་ཅན་གྱི་བོད་ཀྱི་ཐང་ཤིང་རིང་པོ་དང་། ཐང་སྨྱུག་མ་རིང་པོ། ཧི་མ་ལ་ཡའི་ཐང་ཤུག་བཅས་ཚུད་ཡོད། ས་ཁུལ་འདིར་སྨན་རྫས་རིགས་ཉིས་བརྒྱ་ལྷག་ཡོད་པ་སྟེ། དཔེར་ན་དབྱར་རྩྭ་དགུན་འབུ། སངས་རྒྱས་ཕག་ན། སྨན་ཤ་མོ་སོགས་རྒྱལ་ཁབ་རིམ་པའི་རིན་ཐང་ལྡན་པའི་སྨན་རྫས་མང་པོ་ཡོད་པ་དང་། ས་ཁུལ་འདིར་སྤྲེའུ་རྔ་མ་རིང་པོ་དང་། གཟིག སྟག གླ་བ། ཤྭ་བ། རྨ་བྱ། གངས་བྱ། རྐྱང་སོགས་བཅུད་རི་དྭགས་སེམས་ཅན་སྣ་ཚོགས་གནས་ཡུལ་ཞིག་ཀྱང་ཆགས་ཡོད།

ནག་ཆུ་ས་ཁུལ་དུ་མེ་སྐྱོན།

གཞན་ཡང་ཟླ་ ༡ ཚེས་ ༢༥ ནས་བཟུང་བོད་ནང་གི་ནག་ཆུ་ས་ཁུལ་སྦྲ་ཆེན་རྫོང་སྒང་རི་ཡུལ་ཚོའི་རྩ་ཐང་ཞིག་ལ་མེ་སྐྱོན་བྱུང་སྟེ། ཉིན་གྲངས་ ༡༢ འགྲོ་བཞིན་ཡོད་ན་ཡང་། རྒྱ་ནག་གཞུང་འབྲེལ་ངོས་ནས་མེ་གསོད་མཁན་མི་སྣ་བཏང་མེད་པ་དང་། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་ས་གནས་འབྲེལ་ཡོད་གཅིག་ལ་མེ་སྐྱོན་སྐོར་གྱི་གནས་ཚུལ་རྩད་གཅོད་བྱས་ཀྱང་མེ་སྐྱོན་ཤོར་བཞིན་པ་དངོས་བདེན་ཡིན་པ་ལས། ཞིབ་ཕྲའི་གནས་ཚུལ་གསལ་བཤད་ཐུབ་ཀྱི་མེད་སྐོར་འགྲེལ་བརྗོད་གནང་བྱུང་། རྒྱ་ནག་གཞུང་འབྲེལ་ངོས་ནས་སྦྲ་ཆེན་གྱི་མེ་སྐྱོན་དང་འབྲེལ་བའི་གནས་ཚུལ་གང་ཡང་བཀོད་མེད་པ་དང་། འབྲེལ་ཡོད་བོད་མི་ཞིག་གིས་སྤྱི་ཚོགས་དྲ་ལམ་སྟེང་སྒང་རིའི་རྩྭ་ཐང་ལ་མེ་སྐྱོན་བྱུང་ནས་ཡུན་རིང་འགྲོ་བཞིན་ཡོད་ན་ཡང་། མེ་གསོད་མཁན་མེད་པས་ང་ཚོ་སུས་སྐྱོབ་ཀྱི་ཡིན་ནམ། མེ་ད་དུང་གསད་ཐུབ་མེད་སྐོར་ཕྱི་ཚེས་ ༥ ཉིན་སྤྱི་ཚོགས་དྲ་ལམ་དུ་སྤེལ་འདུག

ཉག་ཆུ་རྫོང་གི་མེ་སྐྱོན།
ཡང་ཟླ་ ༢ ཚེས་ ༢ ཉིན་ནས་བཟུང་ཉག་ཆུ་རྫོང་མཁར་རིང་པོ་ཡུལ་ཚོའི་རི་མགོའི་ཤིང་ནགས་ལ་མེ་སྐྱོན་ཤུགས་ཆེ་ཤོར་བཞིན་པའི་གནས་ཚུལ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་འགོད་སྤེལ་བྱས་ཡོད་པ་བཞིན། ད་ལྟའི་ཆར་མེ་སྐྱོན་གསོད་མ་ཐུབ་པར་ཉིན་གྲངས་ ༥ འགྲོ་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གིས་ཉེ་འཁོར་དུད་ཚང་ཁག་གནས་སྤོ་བྱས་ཡོད་ན་ཡང་། མེ་སྐྱོན་བྱུང་ཡུལ་དུ་ས་གནས་ཡུལ་མི་གཏོང་གི་མེད་སྟབས་མེ་སྐྱོན་རྐྱེན་གྱིས་མི་སྣ་ཤི་རྨས་དང་། དུད་ཚང་དང་སྡོད་ཁང་མེ་འཚིག་མིན་གྱི་ཞིབ་ཕྲའི་གནས་ཚུལ་ཁ་གསལ་མེད་སྐོར། ས་གནས་འབྲེལ་ཡོད་ཅིག་ནས་འདི་ག་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཕྱི་ཚེས་ ༥ ཉིན་ཉག་ཆུ་རྫོང་གི་ས་གནས་དེ་ཁུལ་དུ་མེ་སྐྱོན་གྱི་ཉེན་བརྡ་སེར་པོ་བཏང་བའི་བརྡ་ཁྱབ་དང་འབྲེལ། ཡུལ་དེའི་ས་གནས་ཁག་ཚང་མའི་འབྲེལ་ཡོད་ལས་བྱེད་ནས་མེ་སྐྱོན་དང་འབྲེལ་བའི་གནད་དོན་ལ་ཛ་དྲག་གིས་དོ་སྣང་དང་། མེ་གསོད་རུ་ཁག་གྲ་སྒྲིག་གིས་མི་མང་ལ་མེ་སྐྱོན་ཐད་དོ་སྣང་དགོས་པའི་ཉེན་བརྡ་གཏོང་དགོས་པ་སོགས་ཀྱི་གསལ་བསྒྲགས་སྤེལ་འདུག་ལ། གཞན་ཐེངས་འདིའི་མེ་སྐྱོན་དང་འབྲེལ་བའི་སྐོར་ཞིབ་ཕྲའི་གནས་ཚུལ་ཁ་གསལ་གང་ཡང་བཀོད་མེད་ན་ཡང་། སྤྱི་ཚོགས་དྲ་ལམ་དུ་རྒྱ་མི་ཞིག་ནས་ཐེངས་འདིའི་མེ་སྐྱོན་དང་འབྲེལ་བའི་བརྙན་ཞིག་སྤེལ་བཞིན་པའི་ནང་། མེ་སྐྱོན་གནས་ཚུལ་དེ་གཞུང་འབྲེལ་གསར་ལམ་ཁག་ཏུ་མི་མཐོང་བ་ཅིའི་ཕྱིར་ཡིན་ནམ་སོགས་ཀྱི་དོགས་འདྲི་བྱས་ཡོད་པ་མཐོང་རྒྱུ་འདུག
སྤྱི་ལོ་ ༢༠༢༤ ཟླ་ ༡༢ ནང་ཉག་ཆུ་རྫོང་གི་ཆུ་ཁ་གྲོང་བརྡལ་གྱི་རི་རྩེར་མེ་སྐྱོན་ཞིག་བྱུང་བ་དེ་གསོད་རྒྱུར་བདུན་ཕྲག་གཅིག་རིང་འགོར་ཡོད་ཅིང་། རྫོང་དེར་སྤྱི་ལོ་ ༢༠༢༤ ཟླ་ ༣ ནང་སྒར་ར་གྲོང་གི་རི་རྩེར་མེ་སྐྱོན་གཞན་ཞིག་ཀྱང་བྱུང་བ་དེ་བདུན་ཕྲག་གཉིས་ཙམ་རིང་འབར་བས་རྒྱུ་དངོས་ལ་གྱོང་གུན་ཚབས་ཆེན་བཟོས་ཡོད།

ཉག་ཆུ་ཁ་རྫོང་ནི་རྒྱ་ནག་གཞུང་གིས་དབྱེས་བའི་ཟི་ཁྲོན་ཞིང་ཆེན་གྱི་ནུབ་བྱང་གི་མཐོ་སྒང་རི་ཁུལ་དུ་ཆགས་ཡོད་པ་དང་། ས་བབ་དང་གནམ་གཤིས་འདྲ་མིན་གྱི་རྐྱེན་པས་སྐྱེ་དངོས་སྣ་མང་གིས་ཕྱུག་པའི་ས་ཁུལ་ཞིག་ཡིན། རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊར་ ༢༢༦༦ ནས་ ༥༠༠༠ བར་ཡོད་པའི་ས་ཁུལ་འདིར་གངས་རི་དང་། ནགས་ཚལ། ཆུ་བོའི་ཡུལ་གཤོངས། མཐོ་སྒང་གི་ས་གཞི་སོགས་སྐྱེ་ཁམས་རྣམ་གྲངས་མང་པོ་ཡོད།

རྫོང་འདིར་ཤ་མོ་རིགས་ ༡༩༦ ཡོད་པའི་ནང་ནས་བཟའ་རུང་བ་རྣམ་གྲངས་ ༡༢༦ ཡོད་པ་མ་ཟད། དབྱར་རྩྭ་དགུན་འབུ་དང་། རྒྱ་སྲན་དཀར་པོ། འབྲི་ཏ་ས་འཛིན་སོགས་སྨན་རྫས་ཀྱང་ཕུན་སུམ་ཚོགས་པོ་ཡོད་པ་རེད། ས་གཞི་བརྒྱ་ཆ་ ༥༣ ལྷག་ལས་གྲུབ་པའི་ནགས་ཚལ་གྱིས་ཁེབས་ཡོད་པའི་ས་གཞི་དེའི་ནང་གཙོ་བོ་ཐང་ཤིང་དང་། སྨྱུག་མ། གསོ་མ་བཅས་ཡོད་ཅིང་། དེས་ཤྭ་བ་དང་། གླ་བ། གནའ་བ། དོམ་སོགས་དཀོན་པའི་རི་དྭགས་སེམས་ཅན་གྱི་གནས་ཡུལ་གལ་ཆེན་ཞིག་བསྐྲུན་ཡོད།


ཛམ་ཐང་གི་མེ་སྐྱོན།
ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༥ ཉིན་བོད་ནང་གི་ཛམ་ཐང་རྫོང་རྐ་མདའ་གྲོང་བརྡལ་གྱི་རི་མགོའི་ཤིང་ནགས་ཁྲོད་མེ་སྐྱོན་ཤུགས་ཆེན་ཤོར་བཞིན་ཡོད་པ་དང་། བོད་ནང་གི་ཕྱི་དྲོའི་དུས་ཚོད་ལ་ས་གནས་སུ་མེ་གསོད་རུ་ཁག་དང་ཐད་ཕུར་གནམ་གྲུ་བརྒྱུད་ཆུ་གཏོར་པ་དང་།  ས་གནས་སུ་དྭང་བླངས་པ་དང་མེ་གསོད་རུ་ཁག་གིས་ལས་དོན་གཉེར་ཏེ་མེ་གསོད་ཐུབ་ཡོད་པ་བོད་ནང་ནས་དངོས་སུ་བརྙན་ཐུང་ཁག་ཅིག་ལག་སོན་བྱུང་།  ཛམ་ཐང་གི་མེ་སྐྱོན་དེ་བཞིན་ཟླ་ ༢ ཚེས་ ༢ ཉིན་ནས་ཉག་ཆུ་རྫོང་མཁར་རིང་པོ་ཡུལ་ཚོའི་རི་མགོའི་ཤིང་ནགས་ལ་མེ་སྐྱོན་གསོད་མ་ཐུབ་པར་ཉིན་གྲངས་ ༥ སོང་ཞིང་།  མེ་སྐྱོན་བྱུང་ཡུལ་གི་ས་ཚིགས་འདི་བཞིན་ཛམ་ཐང་རྫོང་ཐོག་དང་ཐག་ཉེ་པོ་ཡོད་ན་ཡང་། མེ་སྐྱོན་བྱུང་ཡུལ་རི་མགོར་ཡིན་སྟབས་མི་དང་ཁང་ཁྱིམ་སོགས་ལ་གནས་སྐབས་ཉེན་ཁ་བྱུང་མེད་སྐོར་བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་གིས་འདི་ག་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།  དེ་བཞིན་རྒྱ་ནག་གཞུང་འབྲེལ་ཛམ་ཐང་རྫོང་བརྙན་སྦྱོར་ལྟེ་གནས་ཞེས་པའི་དྲ་རྒྱ་ཞིག་ཏུ། ཛམ་ཐང་རྫོང་དུ་ཕྱི་ཚེས་ ༥ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༤: ༤༦ སྟེང་མེ་སྐྱོན་ཤོར་བར་རྫོང་དང་ཞིང་ཆེན་ཡོངས་ནས་མེ་གསོད་རུ་ཁག་བཏང་སྟེ། ད་ལྟའི་ཆར་གཞི་རྩའི་ཆ་ནས་མེ་སྐྱོན་བཀག་འགོག་བྱེད་ཐུབ་ཡོད་པ་དང་། མེ་སྐྱོན་ཁྲོད་མི་སྣ་ཤི་རྨས་སོགས་བྱུང་མེད་སྐོར་བཀོད་འདུག རྒྱ་ནག་ཀེའུ་ཀྲོ་(Guizhou)རླུང་འཕྲིན་དང་བརྙན་འཕྲིན་གསར་ཁང་གི་གནས་ཚུལ་བཏོན་པའི་ནང་། གཞི་རྩའི་ཆ་ནས་མེ་སྐྱོན་བཀག་འགོག་ཐུབ་ཡོད་སྐོར་བཀོད་ཡོད་ན་ཡང་། གསར་ཁང་དེས་མེ་སྐྱོན་དངོས་སུ་མཐོང་མཁན་ (Chen) ཞེས་པའི་མི་སྣ་ཞིག་ལ་སྐད་ཆ་དྲིས་པ་ལུང་དྲངས་པའི་ནང་། ད་ལྟའི་ཆར་མེ་སྐྱོན་རྐྱེན་གྱིས་ཡུལ་དེའི་ནམ་མཁའ་ཡོངས་དུད་སྨུག་གིས་ཁྱབ་ནས་ཡོད་པ་དང་། མཚན་མོ་རྒྱ་མཚོ་ལྟ་བུ་གཞི་རྒྱ་ཆེ་བའི་མེ་ལྕེ་མཐོང་རྒྱུ་ཡོད་པ་སོགས་འགྲེལ་བརྗོད་གནང་འདུག

ལོ་ལྟར་དགུན་ཁའི་དུས་སུ་བོད་ནང་གི་རྩྭ་ཐང་དང་ཤིང་ནགས་སྐམ་པོར་གྱུར་ནས། མེ་སྐྱོན་འབྱུང་སླ་པོ་ཡོད་སྟབས། མེ་སྐྱོན་དང་འབྲེལ་བའི་གནས་ཚུལ་མང་དག་ཅིག་བྱུང་ཡོད་ན་ཡང་། རྒྱ་ནག་གཞུང་འབྲེལ་ངོས་ནས་མེ་སྐྱོན་དང་ས་ཡོམ་སོགས་རང་བྱུང་གི་གོད་ཆག་རིགས་ཁྱབ་བསྒྲགས་འགྲོ་རྒྱུར་དམ་དྲག་བྱེད་ཀྱི་ཡོད་པ་བོད་ནང་ནས་སྔ་རྗེས་འདི་ག་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་མཁན་བྱུང་ཡོད།།

གསར་འགོད་པ། ཚེ་རིང་རྣམ་རྒྱལ།  བཀྲིས་དབང་ཕྱུག

ཁ་སྣོན་གསར་འགོད།  མཁའ་འགྲོ་གཡང་འཛོམས།  སྒྲོལ་མ་ལྷ་མོ།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།  བསྟན་འཛིན་པདྨ།

དྲྭ་ཐོག་རྩོམ་སྒྲིག་པ།  བཀྲིས་དབང་ཕྱུག

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎