ཇི་གྷུའོ་ཀང་ལ་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་ཁྲིམས་བཤེར།

2024.03.23
ཇི་གྷུའོ་ཀང་ལ་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་ཁྲིམས་བཤེར།
རྒྱ་ནག་ཉིན་རེའི་གསར་ཁང་།

བོད་རང་སྐྱོང་ལྗོངས་ཟེར་བའི་ས་གནས་མི་མང་འཐུས་ཚོགས་ཀྱི་རྒྱུན་ལས་ཚོགས་ཆུང་གི་ཚོགས་གཞོན་ཟུར་པ་ཇི་གྷུའོ་ཀང་ (Ji Guogang) ལ་ལྐོག་ཟ་རུལ་སུངས་དང་དབང་ཆ་བེད་སྤྱོད་ལོག་པར་བཏང་བའི་ཉེས་མིང་འོག་ཁྲིམས་བཤེར་བྱེད་ཡོད་ཅིང་།  རྒྱ་ནག་གཞུང་གིས་དབྱེས་བའི་ཟི་ཁྲོན་ཞིང་ཆེན་བྲན་རྡུ་གྲོང་ཁྱེར་གྱི་འབྲིང་རིམ་མི་མང་ཁྲིམས་ཁང་དུ་ཕྱི་ཟླ་ ༣ ཚེས་ ༢༡ ཉིན་ཁྲིམས་ལུགས་གཏུག་བཤེར་སྐབས་ནག་ཉེས་ར་འཕྲོད་བྱུང་ཡོད་པའི་སྐོར་རྒྱ་ནག་ཉིན་རེའི་གསར་ཁང་གིས་གནས་ཚུལ་སྤེལ་འདུག
དེ་ཡང་བོད་རང་སྐྱོང་ལྗོངས་ནང་ཕྱི་ལོ་ ༢༠༠༢ ལོ་ནས་བཟུང་བོད་ནང་ཡར་རྒྱས་དང་བཅོས་བསྒྱུར་ཚན་པའི་སྤྱི་ཁྱབ་གྱི་འགན་འཛིན་གྱི་གཙོས་ལས་གནས་འདྲ་མིན་ཁག་ཅིག་གི་འགན་འཁུར་བླངས་མྱོང་བའི་དུས་ཡུན་དེའི་རིང་རང་གི་དབང་ཆ་བེད་སྤྱོད་ལོགས་པར་བཏང་ནས་དོ་བདག་རང་ཉིད་དང་ཡང་ན་གཉེན་སྤུན་བརྒྱུད་ནས་ཚོང་དང་གཞན་ཡང་ཁྲིམས་འགལ་གྱི་ལས་དོན་སྤེལ་རྒྱུར་ལག་འཁྱེར་དང་ཐོབཐང་སོགས་སྤྲད་དེ།  རྒྱ་མིའི་མི་མང་ཤོག་སྒོར་ས་ཡ་ ༤༤ དང་ཨ་རིའི་ཌོ་ལར་ནང་སྤབ་ནས་ས་ཡ་ ༦ ལྷག་ཙམ་གྱི་དངུལ་བབ་ལྐོག་རྔན་ལེན་ཡོད་པ་ཁྲིམས་བཤེར་བྱེད་པའི་སྐབས་གྱོད་འཛུགས་གྱི་ཉེས་དོན་ར་སྤྲོད་བྱས་ཡོད་འདུག
ཁྲིམས་བཤེར་སྐབས་ད་དུང་།   ཇི་གྷུའོ་ཀང་ (Ji Guogang)  གིས་ཕྱི་ལོ་ ༢༠༡༦ ནས་ ཕྱི་ལོ་ ༢༠༢༡ བར་བོད་རང་སྐྱོང་ལྗོངས་ཀྱི་Xizang Development Investment Group  ཞེས་པའི་བོད་འཛུགས་སྐྲུན་གྱི་མ་འཛུགས་ཚན་པའི་འགན་འཛིན་གྱི་ལས་དུས་རིང་དབང་ཆ་བེད་སྤྱོད་ལོགས་པར་བཏང་བའི་རྐྱེན་གྱིས་གཞུང་ལའང་གྱོང་གུན་ཆེན་པོ་ཕོག་ཡོད་ལུགས་ཐེར་འདོན་བྱས་ཡོད་འདུག
ད་ལྟ་ལོ་ན་༦༡ ལ་སླེབས་པའི་ ཇི་གྷུའོ་ཀང་ (Ji Guogang)  ནི་ཕྱི་ལོ་ ༡༩༨༣ ལོར་ལས་ཀར་ཞུགས་ཏེ་ལོ་གཅིག་གི་རྗེས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མིར་འཛུལ་ཞུགས་བྱས་ཡོད་ཅིང་། བོད་རང་སྐྱོང་ལྗོངས་ཀྱི་མི་མང་འཐུས་མིའི་ལས་འགན་བསྒྲུབས་ཡོད་ཀྱང་།  ལྐོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་དང་དབང་ཆ་བེད་སྤྱོད་ལོགས་པར་གཏོང་གི་ཡོད་པའི་གནས་ཚུལ་ཐོག་ནས་ཕྱི་ལོ་ ༢༠༢༢ ལོ་ནས་བཟུང་ཞིབ་དཔྱོད་བྱས་པའི་རྗེས།  ཕྱི་ལོ་ ༢༠༢༣ ལོར་ལས་གནས་ནས་ཕྱིར་འབུད་བཏང་པས་མ་ཚད། དམར་ཤོག་ཚོགས་པའི་ཚོགས་མིའི་ཁོངས་ནས་ཀྱང་ཕྱིར་འབུད་བཏང་ཡོད་འདུག
ད་ལྟའི་ཆར་ཁོ་པར་གྱོད་བཙུགས་ཀྱི་ནག་ཉེས་ར་སྤྲོད་བྱས་པ་ཙམ་ལས་ཉེས་ཆད་ཇི་འགེལ་གྱི་བཅད་ཁྲ་སོགས་ཁྲིམས་ཁང་ནས་གསལ་བསྒྲགས་བྱས་མི་འདུག
རྒྱ་ནག་གཞུང་གིས་བོད་ནང་གི་རྒྱ་གཞུང་གི་མཐོ་གྲས་དཔོན་རིགས་ལ་ཞིབ་དཔྱོད་བྱས་པ་ཉེ་བའི་དུས་ཡུན་ནང་ཇེ་མང་དུ་ཐོན་བཞིན་ཡོད་པ་སྟེ།  དཔེར་ན། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་དང་། བོད་རང་སྐྱོང་ལྗོངས་ཟེར་བའི་གཙོ་འཛིན་གཞོན་པ་ཝང་ཡུང་ (Wang Yong) གིས་སྒྲིག་གཞི་དང་ཁྲིམས་ལུགས་ལ་འགལ་བའི་གནས་སྟངས་འོག་རྒྱ་ནག་དབུས་སྒྲིག་ཁྲིམས་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ལྷན་ཁང་གིས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་བྱེད་བཞིན་ཡོད་པ་ཕྱི་ཟླ་༡ཚེས་༢༩ཉིན་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་ཅིག་ནང་གནས་ཚུལ་སྤེལ་ཡོད་ཅིང་།  གནད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་གཞུང་གི་དཔོན་རིགས་མང་པོ་ཞིག་ལ་རྣམ་གྲངས་འདྲ་མིན་གྱི་ཉེས་འཛུགས་བྱས་པ་ནི་དམར་ཤོག་ཚོགས་པ་དང་ལྷག་པར་ཞི་ཅིན་ཕིང་གི་བཀོད་མངགས་འོག་ཤར་བསྐྱོད་མི་བྱེད་མཁན་ཡིན་པའི་དྭོགས་པ་བྱེད་གཞིར་གྱུར་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎