རྒྱ་ནག་གཞུང་གིས་འཛུགས་སྐྲུན་ལས་གཞི་ག་རེ་སྤེལ་ཀྱང་བོད་མིའི་མངོན་འདོད་ལ་དཀའ་ངལ་འཕྲད་ཕྱིན་ཆད་འཛུགས་སྐྲུན་ཡར་རྒྱས་དེས་ཕན་ཐོགས་མེད་ཅེས། བོད་མིའི་སྒྲིག་འཛུགས་ཀྱིས་གསལ་སྟོན་གནང་ཡོད་པ།
རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་དོན་ཁང་དང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བ་མཉམ་རུབ་ཀྱི་ཐོག་ནས། སྤྱི་ཟླ་༥པའི་ཚེས་༢༣ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་༢༠༢༣ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་གོང་འཕེལ་གླེང་སྟེགས་ཟེར་བ་བསྡུས་ཏེ། རྒྱ་ནག་སྲིད་འཛིན་ཞི་ཅིན་ཕེན་གྱིས་“བོད་ལྗོངས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་། ཡང་དག་ཁྱོན་ཡོངས་ནས་ལག་བསྟར་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་བཏང་དགོས་པ་”སོགས་བཤད་ཡོད་ནའང་། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ནས། རྒྱ་ནག་གཞུང་གིས་འཛུགས་སྐྲུན་ལས་གཞི་ག་རེ་སྤེལ་ཀྱང་བོད་མིའི་སེམས་ཀྱི་ཞི་བདེ་དང་། མངོན་འདོད་ལ་དཀའ་ངལ་འཕྲད་ཕྱིན་ཆད་འཛུགས་སྐྲུན་ཡར་རྒྱས་དེས་ཕན་ཐོགས་མེད་པ་གསལ་བོ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་བོད་ནང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་བྱས་ཏེ། དབུལ་ཕོངས་མི་མང་འབུམ་དྲུག་ལྷག་འབྱོར་འབྲིང་ཅན་དུ་བསྒྱུར་པ་དང་། སྤྱི་ལོ་༢༠༡༢ལོར་རང་སྐྱོང་ལྗོངས་ནང་ཁུལ་གྱི་ཐོན་སྐྱེད་ཡོང་འབབ་ནི། ཨ་སྒོར་ཐེར་འབུམ་༡༠ཡིན་པ་དེ་སྤྱི་ལོ་༢༠༢༢ལོར་ལྡབ་གཅིག་ཙམ་ཡར་འཕར་ཡོད་པ་དང་། ལོ་འདིའི་མགོ་སྟོད་བོད་ཀྱི་སྤྱིའི་དཔལ་འབྱོར་ཐོན་འབབ་བརྒྱ་ཆ་༨་༢རུ་འཕར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་རིམ་པའི་མི་རེའི་ཡོང་འབབ་བརྒྱ་ཆ་༤་༡དང་༦་༤ལ་འཕར་ཏེ་རྒྱ་ནག་ཡོངས་ཀྱི་ཡར་རྒྱས་རྩེ་གྲས་སུ་བསླེབས་པ་ཚུན་བཀོད་ཡོད་ནའང་། རྒྱ་གར་གྱི་ནེ་ཧུ་རུ་གཙུག་ལག་སློབ་ཆེན་གྱི་རྒྱ་ནག་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ་Srikanth Kondapalliལགས་ནས། རྒྱ་ནག་སྤྱིའི་ཐོན་འབབ་དང་བོད་ཀྱི་ཐོན་འབབ་ལ་ཁྱད་པར་ཆེན་པོ་ཡོད་པ་མ་ཟད། བོད་མི་དང་རྒྱ་མི་སྒེར་བ་རེ་རེའི་ཡོང་འབབ་ལའང་ཁྱད་པར་ཧ་ཅང་ཆེན་པོ་ཤོར་ཡོད་པ་འགྲེལ་བརྗོད་གནང་དོན། ཁོང་གིས་རྒྱ་ནག་གི་ལོ་རེའི་ཐོན་འབབ་ནི་ཨ་སྒོར་ཁྲག་ཁྲིག་ཆེན་པོ་༡༩དང་བོད་ཀྱི་ལོ་རེའི་ཐོན་འབབ་ནི་ཨ་སྒོར་ཐེར་འབུམ་༣༠ཙམ་ཡིན་པས། རྒྱ་ནག་དབུས་དང་བོད་ཀྱི་ཐོན་འབབ་བར་ཁྱད་པར་ཆེན་པོ་ཡོད་པ་མ་ཟད། མི་རེ་རེའི་ལོ་རེའི་ཡོང་འབབ་ལ་ཆ་བཞག་ནའང་རྒྱ་ནག་རྒྱལ་ཡོངས་སུ་མི་རེར་ལོ་རེའི་ནང་ཡོང་སྒོ་ཨ་སྒོར་ཆིག་ཁྲི་སུམ་སྟོང་ཡིན་ནའང་། བོད་ནང་བོད་མི་ཚོའི་ལོ་རེའི་ཡོང་འབབ་ནི་ཨ་སྒོར་བཞི་སྟོང་ཙམ་ཡིན་པའི་ཁར། ཞིབ་འཇུག་ཁང་ཁག་ཅིག་གི་རྟོག་དཔྱོད་གཞིར་བཟུང་ན། བོད་ནང་གི་རྒྱ་ཧན་མི་རིགས་ཚོའི་ཡོང་འབབ་དང་བསྡུར་ན། བོད་མི་ཚོའི་ཡོང་འབབ་ཧ་ཅང་དམའ་མོ་ཡིན་པའི་གྲུབ་དོན་བཀོད་ཡོད་ཅེས་འགྲེལ་བརྗོད་གནང་སོང་ལ།
ཡང་ཧྥ་རན་སིའི་མི་རིགས་བོད་གནས་ཉམས་ཞིབ་པ་Claude Arpiལགས་ནས་ཀྱང་། རྒྱ་ནག་གཞུང་གིས་བརྒྱུད་གཅིག་ལམ་གཅིག་ལྷོ་ཨེ་ཤེའི་ནང་བལ་ཡུལ་ཙམ་མ་གཏོགས་སྒོ་འབྱེད་བྱེད་ཐུབ་མེད་པ་འགྲེལ་བརྗོད་གནང་དོན་ད་ལན་གྱི་གླེང་སྟེགས་སུ་བོད་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་Wang Junzhengནས། བོད་ནི་རྒྱ་ནག་གིས་ལྷོ་ཨེ་ཤེ་ཡ་ཁུལ་དུ་ཚོང་ལས་སྒོ་འབྱེད་ཀྱི་བརྒྱུད་ལམ་གལ་ཆེན་ཞིག་ཡིན་པ་དང་། དེས་ས་མཚམས་ཁུལ་དུ་ཡར་རྒྱས་ཀྱི་གསོན་ཤུགས་གསར་པ་རྒྱས་ཏེ། ཁྱིམ་མཚེས་རྒྱལ་ཁག་ནང་ཚོང་ལས་རྒྱ་བསྐྱེད་ཡོང་བར་ཕན་ཐོགས་ཡོད་པ་སོགས་བཤད་ཡོད་ནའང་། བལ་བོའི་ནང་བརྒྱུད་གཅིག་ལམ་གཅིག་གི་སྒོ་མོ་ཕྱེས་པ་དང་འབྲུག་གི་ནང་ཕྱིས་སུ་མགོ་བཙུགས་ཙམ་མ་གཏོགས། རྒྱ་གར་ལ་སྒོ་ཕྱེས་ཐུབ་མེད་པ་སོགས་འགྲེལ་བརྗོད་གནང་གི་འདུག་ཅིང་། ཚོགས་འདུ་དེ་དང་འབྲེལ་ནས་རྒྱ་ནག་གིས་བོད་ནང་ཤེས་ཡོན་དང་འཕྲོད་བསྟེན། རིག་གནས་དང་ཁང་པ་གསར་རྒྱག ལས་ཀ་བསྐྲུན་པ་དང་སྤྱི་ཚོགས་བདེ་འཇགས་སོགས་ཀྱི་ཐོག་མ་འཛུགས་ཤུགས་ཆེ་བྱས་ཏེ། དཔལ་འབྱོར་ཡར་རྒྱས་ཤུགས་ཆེ་ཕྱིན་ནས་བོད་དེ་བཞིན་རྒྱ་ནག་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་སོགས་བཤད་ཡོད་ནའང་། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ད་ལྟ་བར་རྒྱ་ནག་གཞུང་ནས་རང་ཉིད་དང་དམར་ཕྱོགས་ཚོགས་པ་ཁོ་ནའི་ཁེ་ཕན་ལ་ལྟོས་ཏེ་ལས་གཞི་སྤེལ་བཞིན་པར་བརྟེན། དེས་བོད་མིའི་དགོས་དོན་འགྲུབ་ཀྱི་མེད་པ་གསལ་བོ་ཡིན་པ་འགྲེལ་བརྗོད་གནང་གི་འདུག
རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་སུ་སློབ་གྲྭ་༣༤༠༩བཙུགས་ནས་སློབ་ཕྲུག་༩༤༤༠༠༠ལ་སློབ་སྦྱོང་སྤྲད་པ་དང་། སློབ་ལོ་རན་པའི་བྱིས་པ་བརྒྱ་ཆ་༨༩་ལ་སློབ་ཞུགས་གནང་གི་ཡོད་པ་སོགས་འུར་སྒྲོག་ཤུགས་ཆེ་བྱས་ཀྱང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་གཞུང་སྒེར་ཚོགས་པ་མང་པོས། རྒྱ་ནག་གིས་བོད་ནང་གི་བྱིས་པ་ཚོ་ཕ་མ་དང་ཁ་བྲལ་བཏང་སྟེ། བོད་ཀྱི་སྐད་ཡིག་རིག་གཞུང་དང་མི་རིགས་ཀྱི་ངོ་བོ་རྩ་མེད་ཀྱི་སྲིད་བྱུས་བཟུང་ནས། བོད་མི་སློབ་ཕྲུག་ཚོ་བཙན་དབང་གིས་རྒྱ་བསྒྱུར་གྱི་སྲིད་ཇུས་ཤུགས་ཆེ་སྤེལ་བཞིན་པའི་སྐྱོན་བརྗོད་ཕོག་བཞིན་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།