འཇིགས་བྱེད་སྐྱབས་སོཊ་མི་བཞི་ལ་མངོན་ཆུང་གིས་ཁྲིམས་བཤེར་བྱས་བ།
2016.04.04

མཛོད་དགེ་ཐང་སྐོར་གྱི་ས་དོན་དུ་འཛིན་བཟུང་བྱས་པའི་བོད་མི་བཞི་ལ་མཛོད་དགེ་རྫོང་མི་དམངས་ཁྲིམས་ཁང་ནས་ཁྲིམས་བཤེར་བྱས་འདུག
དེ་ཡང་འདི་གའི་གསར་འགོད་པ་བློ་བྷེ་ཡིས་བཏང་བའི་གནས་ཚུལ་ལྟར་ན། སྤྱི་ལོ༢༠༡༦ལོའི་ཟླ་༣པའི་ཚེས་༣༡ཉིན་དེ་སྔ་མཛོད་དགེ་ཐང་སྐོར་གྱི་ས་དོན་དུ་འཛིན་བཟུང་དང་བཀག་ཉར་བྱས་བསྡད་པའི་བོད་མི་འཇིགས་བྱེད་སྐྱབས་དང་། རིན་ཆེན་རྡོ་རྗེ་དང་། ཕུར་ཁོ། ད་དུང་དེ་སྔ་གློད་འགྲོལ་བཏང་བའི་ཀིརྟི་ཡེ་ཤེས་བཅས་མི་བཞི་ཅུང་གསང་སྟབས་ཀྱིས་མཛོད་དགེ་རྫོང་མི་དམངས་ཁྲིམས་ཁང་དུ་སྐོང་ནས་ཁྲིམས་བཤེར་བྱས་འདུག
ཁྲིམས་བཤེར་གྱི་ཞིབ་ཕྲའི་གནས་ཚུལ་གསལ་ཁ་མེད་ཀྱང་། སྤྱིར་ཁོང་ཚོས་རང་ས་སྲུང་བ་ལས་ཁྲིམས་འགལ་བྱས་མེད་པ་དང་། གལ་སྲིད་ཁྲིམས་འགལ་ལ་བརྩི་ཚེ་འཇིགས་བྱེད་སྐྱབས་ལགས་ཀྱིས་རིན་རྡོར་ནད་པ་ཡིན་པའི་རྒྱུ་མཚན་གྱི་ཁོང་གི་ཚབ་ཏུ་ང་རང་ཁྲིམས་ཆད་གཏོང་དགོས་པའི་རེ་འདུན་བཏོན་ཡོད་པ་དང་། དེ་བཞིན་རིན་རྡོར་ཀྱིས་འཇིགས་བྱེད་སྐྱབས་ལོ་ན་གཞོན་པའི་ཆ་ནས་མདུན་ལམ་ཆེན་པོ་ཡོད་དུས་ཁོང་གི་ཚབ་ཏུ་རིན་རྡོར་ལ་ཁྲིམས་ཆད་གཏོང་དགོས་པའི་རེ་འདུན་བཏོན་ཡོད་པ་རེད་འདུག།
དེ་ལྟར་ཁོང་བཞི་པོའི་ཁྲིམས་བཤེར་དེ་ཉིན་གང་བྱས་ཡོད་ཀྱང་མཐའ་མའི་ཐག་གཅོད་སོགས་ཀྱི་ཐད་ད་དུང་གསལ་ཁ་མེད་པ་རེད།
གནས་ཚུལ་འདི་ནི་སྤྱི་ལོ་༢༠༡༡ལོར་ས་གནས་རྒྱ་ནག་གི་འབྲེལ་ཡོད་ལས་བྱེད་པས་ངན་འབྲེལ་བྱས་ནས། མཛོད་དགེ་རྫོང་ཐང་སྐོར་སྐ་བར་མ་སྡེ་པའི་འབྲོག་ཁྱིམ་དུད་ཚང་༢༠ལྷག་གི་རྩྭ་ས་གཞུང་བཞེས་བཏང་ཞིང་ཁྱིམ་ཚང་གནས་སྤོར་བྱེད་དུ་བཅུག་ཡོད་པ་དང་། དེ་ཚོ་གྲོང་ཁྱེར་སྔོ་ལྗང་ཅན་དུ་འགྱུར་བ་བྱེད་རྒྱུའི་ལས་གཞིའི་ནང་ཚུད་ཡོད་པར་བརྗོད་ཡོད་རུང་། ད་ལྟ་ཡང་གད་སྙིགས་ཁྲོད་ལུས་བསྡད་ཡོད་པ་དང་འཛུགས་སྐྲུན་གྱི་ལས་གཞི་གང་ཡང་གཉེར་མེད་པར་རྩྭ་ས་ཁག་གཅིག་མི་སྒེར་པ་ཁག་ལ་བོགས་མར་བཏང་ཡོད་པར་བརྟེན་ཕྱིས་སུ་འདི་ལོའི་སྤྱི་ཟླ་ལྔ་པའི་ནང་རྩྭ་ས་གཞུང་བཞེས་ཕྱིན་པའི་འབྲོག་པ་ཁྱིམ་ཚང་ཚོས། ས་གནས་མཛོད་དགེ་རྫོང་དང་། ཁུལ་། དེ་བཞིན་ཞིང་ཆེན་རིམ་པར་བདེ་སྡུག་སྙན་སེང་གི་ཞུ་ཡིག་ཕུལ་ནས། རྩྭ་ས་གཞུང་བཞེས་བཏང་བ་ཕྱིར་སྤྲོད་དང་ཡང་ན་གྱོང་གུན་ཁ་གསབ་དགོས་བའི་ཞུ་གཏུགས་ལས་འགུལ་སྤེལ་ཡོད་པ་རེད།
སྤྱི་ལོ༢༠༡༥ལོའི་ཟླ་༩ཚེས༢༢ཉིན། བོད་མི་ཚོས་རང་ས་འཛིན་རྩིས་བྱས་སྐབས་རྒྱ་ནག་གི་ཉེན་རྟོག་པས་བོད་མི་ས་བདག་ཚོ་འཇུ་བཟུང་གིས་མང་ཆེ་བ་རིམ་པས་གློད་འགྲོལ་བཏང་ཡོད་པ་རེད།
གསར་འགོད་པ་ཀརྨ་རྡོ་རྗེ།