ཧྥ་རན་སི་ཡིས་དྲག་སྤྱོད་པའི་རྟེན་གཞི་ཁག་ལ་གཏོར་རྒོལ་བྱས་འདུག
2015.11.16
ཧྥ་རན་སིའི་རྒྱལ་སར་དྲག་སྤྱོད་པས་གཏོར་རྒོལ་བྱས་རྗེས་ཧྥ་རན་སི་གཞུང་གིས་ཁ་ཆེ་དྲག་སྤྱོད་པའི་རྟེན་གཞི་ཁག་ལ་ཕར་རྒོལ་བྱས་འདུག
དེ་ཡང་འདི་ཚེས་༡༣ཉིན་ཧྥ་རན་སིའི་རྒྱལ་ས་པཱ་རེ་སིའི་ས་གནས་ཁག་དྲུག་ནང་འཇིགས་སྐུལ་དྲག་སྤྱོད་པས་མེ་མདའ་བརྒྱབ་པ་དང་འབར་རྫས་གཡུག་ནས་ད་བར་ཉུང་མཐར་མི་གྲངས་༡༣༢བསད་པ་དང་། མི་ ༣༥༠ལྷག་ལ་རྨས་སྐྱོན་ཕོག་པའི་རྗེས། Islamic Stateཞེས་པའི་ISISཁ་ཆེའི་འཇིགས་སྐུལ་དྲག་སྤྱོད་སྒྲིག་འཛུགས་ཀྱིས་གཏོར་རྒོལ་དེར་ཐེ་བྱུས་ཡོད་པའི་གསལ་བསྒྲགས་བྱས་ཡོད་པར་སོང༌། ཁ་ས་ཕྱི་ཚེས་༡༥ཉིན་གྱི་དགོང་དྲོ་ཧྥ་རན་སི་གཞུང་གིས་སི་རི་ཡའི་གྲོང་ཁྱེར་Raqqaནང་ཡོད་པའི་དྲག་སྤྱོད་སྒྲིག་འཛུགས་དེ་ཡི་གོ་མཛོད་དང༌། དྲག་པོའི་སྦྱོང་བརྡར་སྤྲོད་སའི་ལྟེ་གནས་ཁག་གི་ཐོག་མཁའ་ཐོག་ནས་རྒོལ་རྡུང་བཏང་ཡོད་པ་སི་རི་ཡའི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་རྟོག་ཞིབ་གནང་མཁན་Rami Abdel Rahmanཟེར་བའི་མི་ཞིག་གིས་ཧྥ་རན་སི་གསར་འགྱུར་ལས་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་འདུག
གནས་ཚུལ་ནང་འགྲེལ་བརྗོད་བྱས་པར་གཞིགས་ན། ད་ལམ་ཧྥ་རན་སི་གཞུང་གིས་སི་རི་ཡའི་གྲོང་ཁྱེར་Raqqaནང་རྟེན་གཞི་བྱས་པའི་Islamic Stateའཇིགས་སྐུལ་དྲག་སྤྱོད་སྒྲིག་འཛུགས་ཀྱི་རྟེན་གཞི་ཁག་གི་ཐོག་མཁའ་ཐོག་ནས་རྒོལ་རྡུང་བཏང་བའི་ནང་ཡུལ་དེའི་མཁའ་དམག་གནམ་གྲུ་༡༢ཀྱིས་ཆ་ཤས་བླངས་ཡོད་པ་དང༌། མཁའ་དམག་གནམ་གྲུ་དེ་དག་ Jordonདང༌། United Arab Emiratesརྒྱལ་ཁབ་གཉིས་ནང་ཡོད་པའི་འབབ་ཚུགས་ཁག་ནས་འཕུར་བསྐྱོད་བྱས་པ་ཡིན་འདུག
གསར་འགོད་པ་ངག་ཆོས།