རྒྱ་གར་དུ་ཞིང་པར་རིན་མེད་རླུང་འཕྲིན་ཉན་ཆས་བགོ་འགྲེམས།
2009.08.05
༄༅༎རྒྱ་གར་ཤར་ཕྱོགས་སྦི་ཧའར་མངའ་སྡེའི་ནང་རིགས་རུས་དམན་པའི་ཞིང་པ་ཚོར་ངལ་གསོའི་སྐབས་གླུ་གཞས་དང་གསར་འགྱུར་ཉན་རྒྱུའི་ཆེད་དུ་རིན་པ་སྤྲོད་མི་དགོས་པའི་རླུང་འཕྲིན་ཉན་ཆས་བགོ་འགྲེམས་གནང་བཞིན་འདུག
རིགས་རུས་དམན་པའི་ཞིང་པ་བརྒྱ་སྐོར་འགའ་ཤས་ལ་སྦི་ཧའར་མངའ་སྡེའི་གཞུང་གིས་རྒྱ་གར་སྒོར་མོ་བཞི་བརྒྱ་གནས་པའི་རླུང་འཕྲིན་ཉན་ཆས་རེ་ཌི་ཡོ་མཁོ་འགྲེམས་གནང་བཞིན་ཡོད་པ་ལྟར་མངའ་སྡེའི་གྲངས་ཉུང་མི་རིགས་བདེ་དོན་བློན་ཆེན་ཇི་ཏན་རམ་མན་ཇི་ཡིས་ཉིན་གང་ལས་ཀ་བྱས་ནས་ཐང་ཆད་པའི་ཞིང་པ་ཚོར་རླུང་འཕྲིན་ཐོག་ནས་གླུ་གཞས་ཉན་ནས་སྤྲོ་སེམས་འཕེལ་རྒྱུ་དང་གསར་འགྱུར་ཉན་པའི་ཐོག་ནས་འཛམ་གླིང་ནང་གི་གནས་ཚུལ་འགྱུར་ལྡོག་གསལ་པོ་རྟོག་ཐུབ་པའི་ཤེས་བྱ་གོང་འཕེལ་འགྲོ་རྒྱུར་ཕན་ཐོགས་ཡོད་པ་ཞིག་རེད་ཅེས་གསུངས་བཞག
སྦི་ཧའར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནི་ཏིཤ་ཀུ་མའར་ཡིས་མང་ཚོགས་ཀྱི་ཁྱིམ་ནང་རླུང་འཕྲིན་རེ་ཌི་ཡོ་ཡོད་པ་ཡིན་ན་དེའི་བརྒྱུད་གཞས་དང་གསར་འགྱུར་སོགས་གནས་ཚུལ་མང་པོ་ཞིག་གོ་ཐུབ་རྒྱུ་ཡིན་པ་དེས་མང་ཚོགས་ཀྱི་གོ་རྟོག་སྤེལ་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པར་ངོས་འཛིན་གནང་འདུག
རྒྱ་གར་རྒྱལ་ཡོངས་ཀྱི་མི་འབོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཅིག་ཡོད་པའི་ནང་ནས་བརྒྱ་ཆ་བཅུ་དྲུག་ལྷག་ཙམ་ཞིག་རིགས་རུས་དམན་པ་ཡིན་པ་དང་རིགས་མཐོ་བ་ཚོས་མཐོང་ཆུང་ཁྱད་གསོད་བྱེད་པའི་ལམ་སྲོལ་ངན་པ་ད་ལྟའང་རྒྱ་གར་གྱི་ས་གནས་མང་པོའི་ནང་ཡོད་བཞིན་པ་རེད།