ཐེ་ཝན་དུ་བོད་དོན་དྲིལ་བསྒྲགས་ཆེད་བོད་རང་དབང་གི་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་འགོ་འཛུགས།

2025.02.05
ཐེ་ཝན་དུ་བོད་དོན་དྲིལ་བསྒྲགས་ཆེད་བོད་རང་དབང་གི་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་འགོ་འཛུགས། བོད་རང་དབང་གི་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་སྐབས། ༢༠༢༥།༠༢།༠༥ ཉིན།
TYC

ཟླ་ ༢ ཚེས་ ༥ ལྷག་དཀར་ཉིན་མོ་དང་བསྟུན་ཐེ་ཝན་གྱི་རྒྱལ་ས་ཐའི་པེ་ (Taipei) ནང་། བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་ (Human Rights Network for Tibet and Taiwan) གི་གོ་སྒྲིག་འོག  བོད་རང་དབང་ཆེད་རྐང་འཁོར་སྐོར་སྐྱོད་ལས་འགུལ་གྱི་ཉིན་དང་པོ་དེ་བཞིན་དངོས་སུ་དབུ་འཛུགས་གནང་ཡོད། དེ་ཡང་ཐོག་མར་ལས་འགུལ་བ་རྣམས་ཐེ་ཝན་དུ་རྟེན་གཞི་བྱས་པའི་ ༢།༢།༨ སྐྱེད་མོའི་ཚལ་དུ་འདུ་འཛོམས་ཀྱིས་ལག་ཏུ་བོད་ཀྱི་རྒྱལ་དར་འཕྱར་བཞིན་ལས་འགུལ་དབུ་འཛུགས་གནང་ཞིང་། ཐེ་ཝན་གྲོས་ཚོགས་ཀྱི་མདུན་ཐང་དུ་གསར་འགོད་ལྷན་ཚོགས་སྐོང་ཚོགས་གནང་རྗེས་དེ་སྔའི་འཛམ་གླིང་ནང་གི་ཐོག་རྩེགས་ཁང་པ་ཆེ་ཤོས་སུ་གྲགས་པ་ ༡།༠།༡ མདུན་དུ་ལས་འགུལ་མཇུག་སྒྲིལ་ཡོད།

IMG_7216 (1).jpg
བོད་རང་དབང་གི་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་སྐབས། ༢༠༢༥།༠༢།༠༥ ཉིན།
ལས་འགུལ་གོ་སྒྲིག་གནང་མཁན་བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་ཀྱིས། ལས་འགུལ་དེ་བཞིན་གོ་སྒྲིག་ཞུས་དགོས་པའི་དམིགས་ཡུལ་དང་འབྲེལ་ཏེ་གསུངས་དོན་ལ། རྐང་འཁོར་བསྐོར་སྐྱོད་ཀྱི་ལས་འགུལ་དེ་ནི་བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་མིའི་འཐབ་རྩོད། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་བོད་མིའི་སྒྲིག་འཛུགས་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཕྱག་ལས་གནང་ཕྱོགས་སོགས་ཀྱི་སྐོར། རྒྱ་ནག་མི་མང་རྣམས་ལ་གོ་རྟོགས་སྤེལ་རྒྱུའི་སླད་ཕྱི་ལོ་ ༢༠༡༡ ནས་འགོ་འཛུགས་གནང་ཡོད་པ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

ཐེངས་འདིའི་བོད་རང་དབང་ཀྱི་ཆེད་རྐང་འཁོར་སྐོར་སྐྱོད་ལས་འགུལ་གྱི་གསར་འགོད་ལྷན་ཚོགས་སྐབས། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་དང་། ཐེ་ཝན་གྲོས་ཚོགས་འཐུས་མི་སྐུ་ཞབས་ (Puma SHEN ) དང་ལྕམ་ (Pei-yu CHEN) རྣམ་གཉིས། ཐེ་ཝན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་གི་འགན་འཛིན་རྣམས་ནས་བོད་དོན་དང་འབྲེལ་བའི་གཏམ་བཤད་གནང་འདུག

དེ་བཞིན་ཁོང་གིས་མུ་མཐུད། ལས་འགུལ་དེ་བཞིན་སྤེལ་འགོ་བཙུགས་ནས་ད་བར་མི་ལོ་ ༡༥ ཧྲིལ་པོ་འཁོར་ཡོད་པ་དང་། འདས་པའི་མི་ལོ་བཅོ་ལྔའི་རིང་ལས་འགུལ་དེའི་ནང་ཐེ་ཝན་དུ་གནས་སྡོད་བྱེད་བཞིན་པའི་རྒན་གཞོན་བར་གསུམ་གྱི་རྒྱ་རིགས་དང་བོད་མི་མང་དག་ཅིག་ནས་མཉམ་ཞུགས་གནང་ཡོད་པ་མ་ཟད། དེ་སྔ་ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ཐེ་ཝན་དུ་ཆེད་ཕེབས་ཀྱིས། བོད་རང་དབང་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་དེའི་ནང་མཉམ་ཞུགས་གནང་ཡོད་པའི་སྐོར་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
IMG_7175.JPG
བོད་རང་དབང་གི་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་སྐབས། ༢༠༢༥།༠༢།༠༥ ཉིན།

གཞན་ཡང་ཐེངས་འདིའི་ལས་འགུལ་དབུ་འབྱེད་སྐབས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས། བོད་རང་དབང་ཆེད་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། འཛམ་གླིང་ས་ཕྱོགས་གང་སར་གནད་སྡོད་བོད་མི་རྣམས་ནས་བོད་ནང་དུ་ཡོད་པའི་བོད་མི་རྣམས་ཀྱི་མགྲིན་ཚབ་པ་གནང་སྟེ། རང་ཉིད་གནས་ཡུལ་ས་ཁུལ་ཁག་ཏུ་ལས་འགུལ་འདྲ་མིན་སྤེལ་ཏེ། བོད་ཀྱི་འཐབ་རྕོད་དེ་བཞིན་རྒྱུན་གནས་ཐུབ་པ་བྱ་རྒྱུ་དང་། ལྷག་པར་དུ་བོད་དོན་ལས་འགུལ་བ་རྣམས་ལ་རྒྱབ་སྐྱོར་གནང་རྒྱུ་ཤིན་ཏུ་གལ་འགངས་ཆེན་པོ་ཡིན་པ་གསུངས་འདུག

གཞི་རྩའི་ཐེངས་འདིའི་ཐེ་ཝན་རྒྱལ་ས་(Taipei)ནང་བོད་རང་དབང་རྐང་འཁོར་སྐོར་སྐྱོད་ཐེངས་ ༡༥ པའི་ཉིན་དང་པོའི་ཐོག བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་དང་། ཐེ་ཝན་གྲོས་ཚོགས་འཐུས་མི་འཐུས་མི་ཁག དེ་བཞིན་ཐེ་ཝན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཁྱོན་མི་ ༣༠ ལྷག་ཙམ་ནས་མཉམ་ཞུགས་གནང་འདུག་ལ། ཉིན་རྒྱབ་ཏུ་ལས་འགུལ་བ་རྣམས་ནས་ཐེ་ཝན་ནང་གི་གཙུག་ལག་སློབ་གཉེར་ཁང་ཁག་ཅིག་ཏུ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་པའི་ངོ་སྤྲོད་སོགས་བོད་དོན་དྲིལ་བསྒྲགས་དང་འབྲེལ་བའི་གཏམ་བཤད་ལས་རིམ་ཐོག་ལྷན་ཞུགས་གནང་འདུག །

གསར་འགོད་པ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།






བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎