ཕེ་རན་སིའི་བློན་ཆེན་ནས་༸གོང་ས་མཆོག་མཇལ་རྒྱུ་ཕྱིར་འཐེན།

ཕེ་རན་སིའི་ཕྱི་སྲིད་བློན་ཆེན་ནས་གནས་སྐབས་རིང་༸གོང་ས་མཆོག་དང་ལྷན་མཇལ་གནང་རྒྱུར་ཕྱིར་འཐེན་མ་གནང་ཐབས་མེད་ཆགས་འདུག

2008.08.17

༄༅༎བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕེ་རན་སིའི་གསུང་བསྒྱུར་བ་ནང་ཆོས་མཁས་དབང་ མི་ཐིའུ་རི་ཁའ་ཌེ་ ལགས་ཀྱིས་ ཁོང་སྐུ་སྒེར་གྱི་ངོས་ནས་ཉེ་ཆར་གཟའ་ཕུར་བུའི་ཉིན་གསར་འགོད་པར་གསུང་གསལ་གཞིར་བཟུང་བྱས་ན་ ཕེ་རན་སིའི་ཕྱི་སྲིད་བློན་ཆེན་ སྦར་ནའ་ཌེ་ ཀུཆི་ནར་ མཆོག་གིས་ཟླ་བ་འདིའི་ཚེས་ ༢༠ གཟའ་ལྷག་པའི་ཉིན་ཕེ་རན་སིའི་ནུབ་ཕྱོགས་ཁུལ་གྱི་གྲོང་ཁྱེར་ ནེན་ཊེསི་ ཟེར་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་མཇལ་གནང་གཏན་འཁེལ་ཡོད་རུང་ ཨུ་རུ་སུས་ཉེ་ཆར་ཁྱིམ་མཚེས་རྒྱལ་ཁབ་ ཇོར་ཇི་ཡ་འི་ཐོག་དམག་འཐབ་བརྩམས་ཏེ་ རྒྱལ་ཁབ་དེ་དང་ཨུ་རུ་སུའི་དབར་གྱི་ཞི་བདེ་དང་བརྟན་ལྷིངས་ཛ་དྲག་ཅན་གྱི་ཉན་ཁའི་གནས་སུ་གྱུར་ཏེ་ ཕེ་རན་སིའི་ཕྱི་སྲིད་བློན་ཆེན་མཆོག་གི་མཛད་འཆར་ཁག་གོ་རིམ་འཁྲུག་ཅིང་ ཟང་ངེ་ཟིང་ངེར་གྱུར་པའི་རྐྱེན་གྱིས་གནས་སྐབས་རིང་༸གོང་ ས་མཆོག་དང་ལྷན་མཇལ་གནང་རྒྱུར་ཕྱིར་འཐེན་མ་གནང་ཐབས་མེད་ཆགས་ཡོད་པ་རེད་ ཨུ་རུ་སུས་ཇོར་ཇི་ཡའི་ཐོག་དམག་འཐབ་བརྩམས་པའི་རྗེས་སུ་མངའ་ཁུལ་དེར་ཞི་བདེ་སླར་གསོ་གནང་ཐབས་སླད་ ཕེ་རན་སིའི་གཞུང་གིས་ཨུ་རུ་སུ་དང་ཇོར་ཇི་ཡ་དབར་འདུམ་སྒྲིག་གནང་ཡོད་པ་རེད་ ༸གོང་ས་མཆོག་ཕེ་རན་སིར་ཆིབས་བསྒྱུར་ག་དུས་གནང་ནའང་ ང་རང་གི་ངོས་ནས་༸གོང་ས་མཆོག་མཇལ་འཕྲད་ཞུ་གི་ཡོད་པས་ ཐེངས་འདིར་ཡང་མཇལ་འཕྲད་ཞུ་ཐུབ་པའི་རེ་བ་ཡོད་ འོན་ཀྱང་ང་རང་གི་གཞུང་འབྲེལ་ལས་བྲེལ་གྱིས་རྐྱེན་པས་ ཟླ་བ་འདིའི་ཚེས་ ༢༠འི་ཉིན་ མཇལ་འཕྲད་ཞུ་ཐུབ་པ་མི་འདུག་ཅེས་ཕེ་རན་སིའི་ཕྱི་སྲིད་བློན་ཆེན་མཆོག་གིས་ཕེ་རན་སིའི་དུས་དེབ་ ཇར་ནེལ་ཌུ་ཌི་མན་ཤེ་ ཞེས་པར་ཁ་ས་གསུངས་ཡོད་པ་རེད་ ཕེ་རན་སིའི་ཕྱི་སྲིད་བློན་ཆེན་མཆོག་གིས་༸གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུ་ཕྱིར་འཐེན་གནང་དགོས་བྱུང་བའི་ཐད་འགྲེལ་བརྗོད་དེ་ལྟར་གནང་ཡོད་རུང་ ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་༸གོང་ས་མཆོག་དང་ལྷན་མཇལ་གནང་རྒྱུའི་དུས་ཚོད་ཁོམ་མིན་བརྗོད་པ་ནི་ ཐབས་སྐྱོ་པོ་རེད་ཅེས་མི་གྲངས་ ༢༥༠ ལས་གྲུབ་པའི་ཕེ་རན་སིའི་གྲོས་ཚོགས་ནང་གི་བོད་དོན་ཞིབ་འཇུག་ཚོགས་པའི་ཚོགས་མི་དང་ གཞུང་འཛིན་ཆབ་སྲིད་ཚོགས་པའི་ཚོགས་གཙོ་གཞོན་པ་ སྐུ་ཞབས་ལིཡོ་ནེལ་ལུ་ཁ་ཞུ་བས་སྐྱོན་བརྗོད་དྲག་པོ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎