བཀྲ་ཤིས་དབང་ཕྱུག་ལ་དྲང་བདེན་གྱི་ཐག་གཅོད་དགོས་བའི་བསྒྲགས་གཏམ་སྤེལ་འདུག
2018.01.25

ཧྥ་རན་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་ཀྱི་སྐད་ཡིག་ཐོབ་ཐང་སྲུང་སྐྱོབ་མཁན་བཀྲ་ཤིས་དབང་ཕྱུག་ལ་རྒྱབ་སྐྱོར་གྱི་བསྒྲགས་གཏམ་སྤེལ་འདུག
དེ་ཡང་བསྒྲགས་གཏམ་དེ་བཞིན་བོད་མིའི་སྒྲིགས་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཧྥ་རན་སིའི་ནང་གཟིགས་སྐོར་དང་བསྟུན་ཕྱི་ཚེས་༢༣ཉིན་ཕྱིར་བསྒྲགས་བྱས་འདུག་ལ། ཧྥ་རན་སིའི་གྲོས་ཚོགས་ཀྱི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ (Michel Raison) ལགས་ཀྱིས། ང་ཚོས་བཀྲ་ཤིས་དབང་ཕྱུག་ལགས་ལ་ཕྱོགས་ལྷུང་མེད་པ། དྲང་བདེན་དང་འདྲ་མཉམ། ཕྱི་གསལ་ནང་གསལ་གྱི་ཐོག་ནས་ཁྲིམས་ཞིབ་ཡོང་རྒྱུ་དང་། ཁོང་གི་འདོད་མོས་ཡོད་པའི་ཁྲིམས་རྩོད་པ་ཞིག་གི་ངེས་པར་དུ་རྒྱབ་སྐྱོར་རག་ཐབས་དང་། དེ་བཞིན་ནང་མི་དང་ཐུག་འཕྲད་བྱེད་འཇུག་དགོས་པ་ནན་བརྗོད་གནང་འདུག
བཀྲ་ཤིས་དབང་ཕྱུག་ལགས་ལ་རྒྱབ་སྐྱོར་གྱི་བསྒྲགས་གཏམ་དེའི་ཐོག་ཧྥ་རན་སིའི་གྲོས་ཚོགས་གོང་མའི་ཐུས་མི་༡༣ཡིས་མཚན་རྟགས་བཀོད་ཡོད་པ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་འདི་ནི་ཧྥ་རན་སིའི་གྲོས་ཚོགས་ཀྱི་ངོས་ནས་བོད་དོན་ཐད་རྒྱབ་སྐྱོར་ཡོད་པའི་རྣམ་པ་བསྐྱར་དུ་ར་འཕྲོད་བྱུང་བ་ཞིག་ཏུ་ངོས་འཛིན་གནང་ཡོད་པ་རེད།
ཧྥ་རན་སིའི་གྲོས་ཚོགས་ཀྱི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་༡༩༨༨ལོར་བཙུགས་པ་ཞིག་དང་ཧྥ་རན་སིའི་ཆབ་སྲིད་ཚོགས་པ་ཚང་མའི་སྐུ་ཚབ་ཡོད་པ་རེད་འདུག
གཞན་ཡང་བསྒྲགས་གཏམ་དེའི་ནང་འཁོད་དོན། ༢༠༡༦ལོའི་སྤྱི་ཟླ་༡༢པའི་ཚེས་༡༠ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་གཞུང་ཚབ་ཆེན་མོས་བཀྲ་ཤིས་དབང་ཕྱུག་འཇུ་བཟུང་ལ་ངོ་རྒོལ་དང་ཁོང་ཉིད་འཕྲལ་དུ་གློད་གྲོལ་གཏོང་དགོས་རྒྱུར་རྒྱལ་ཁབ་༢༢ཡི་དམིགས་བསལ་སྐུ་ཚབ་ཚོས་ཟུང་འབྲེལ་དགོས་འདུན་གྱི་བསྒྲགས་གཏམ་ཞིག་ཀྱང་སྤེལ་ཡོད་པ་རེད།
དེ་བཞིན་༢༠༡༧ལོའི་སྤྱི་ཟླ་༢པའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གང་བྱུང་བཀག་སྐྱིལ་གྱི་ལས་དོན་ཚོགས་ཆུང་གིས་བཀྲ་ཤིས་དབང་ཕྱུག་བཀག་ཉར་གྱི་ཐོག་སྐྱོན་བརྗོད་ཀྱི་བསམ་ཚུལ་བཏོན་གནང་ཡོད་ལ། དེ་བཞིན་ཨ་རིི་དང་། ཇར་མིན་ནེ། དབྱིན་ལེན། ་ཁེ་ཎ་ཊ། ཡོ་རོབ་མཉམ་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོ་བཅས་༢༠༡༨་ལོའི་སྤྱི་ཟླ་༡པོའི་ཚེས་༤ཉིན་ཡུལ་ཤུལ་དུ་བཀྲ་ཤིས་དབང་ཕྱུག་ལ་ཁྲིམས་ཞིབ་སྐབས་སུ་ངོ་བཅར་བྱས་ཡོད་ཀྱང་ཁྲིམས་རའི་ནང་ཟུར་ཉན་ལ་བཞུགས་བཅུག་མེད་པའི་གནད་དོན་ཡང་བསྒྲགས་གཏམ་དེའི་ནང་གསལ་བཏོན་གནང་འདུག
བཀྲ་ཤིས་དབང་ཕྱུག་གིས་རང་ཉིད་ཀྱི་སྐད་ཡིག་དང་རིག་གཞུང་ལ་སྲུང་སྐྱོབ་བྱེད་དགོས་པ་དང་། དེ་བཞིན་ཁོང་གིས་རྒྱ་ནག་གི་རྩ་ཁྲིམས་ནང་གྲངས་ཉུང་མི་རིགས་ཀྱི་སྐད་དང་རིག་གཞུང་ལ་སྲུང་སྐྱོབ་དགོས་སྐོར་བཀོད་པ་གཞིར་བཞག་ནས། ཡུལ་ཤུལ་དང་བོད་ཀྱི་སློབ་གྲྭ་ཁག་ནང་བོད་ཡིག་དེ་རྒྱ་ཡིག་བཞིན་བརྩི་མཐོང་དང་སློབ་ཁྲིད་བྱེད་པའི་ཆེད་དུ་ཞུ་གཏུགས་བྱས་པ་མ་ཟད། གནས་སྟངས་དེ་ལ་རྒྱབ་སྐྱོར་ཐོབ་ཆེད་དུ་ཁོང་པེ་ཅིང་དུ་ཞུ་གཏུགས་ཆེད་སོང་ནས་རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་ཡང་དེའི་སྐོར་ལ་འགྲེལ་བཤད་བརྒྱབ་པ་སོགས་བྱས་ཡོད་པ་རེད། དེའི་སྐོར་གྱི་བརྙན་ཐུང་ཞིག་ནེའུ་ཡོག་དུས་བབ་ཀྱི་གསར་འགོད་པ་ཞིག་གིས་བཟོས་ནས་ཁྱབ་ཆེན་པོ་བྱུང་ཡོད་པ་བརྟེན་ད་ཆ་ཁོང་ལ་རྒྱལ་ཁབ་ཁ་བྲལ་གྱི་ནག་ཉེས་བཙུགས་ཡོད་ཅིང་ལོ་གཉིས་རྗེས་སུ་ད་དུང་ཡང་ཁྲིམས་ཐག་བཅད་མེད་པར་མུ་མཐུད་བཀག་ཉར་འོག་གནས་ཡིན་པར་མ་ཟད། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བའི་ཚོགས་པ་ཁག་གིས་ནག་ཉེས་དེའི་འོག་བཀྲིས་དབང་ཕྱུག་ལགས་ལ་ལོ་བཅོ་ལྔའི་བཙོན་དུས་ཁྲིམས་ཐག་བཅད་སྲིད་པའི་བློ་འཚབ་ཆེན་པོ་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ་རྡོ་རྗེ་དགྲ་འདུལ།