རྒྱལ་སྤྱིའི་དངུལ་རྩིས་ལམ་ལུགས་ལ་བཅོས་བསྒྱུར་གཏོང་དགོས།
2009.02.14
༄༅༎འཛམ་གླིང་ནང་དཔལ་འབྱོར་ཐོག་ནས་རྒྱལ་ཁབ་ཕྱུག་ཤོས་བདུན་ཡིས་འཛམ་གླིང་གི་དཔལ་འབྱོར་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་ནས་སྐྱོབ་ཐབས་སུ་རྒྱལ་སྤྱིའི་དངུལ་རྩིས་ལམ་ལུགས་ལ་ཛ་དྲག་སྒོ་ནས་བཅོས་བསྒྱུར་གཏང་དགོས་སྐོར་གསུངས་འདུག
དེ་ཡང་ཁ་ས་ཨི་ཊ་ལིའི་རྒྱལ་ས་རོམ་ནང་དབྱིན་ཡུལ་དང་ཁེ་ན་ཌ།ཕེ་རན་སི།ཇར་མ་ནི།ཨི་ཊ་ལི།ཉི་ཧོང༌།ཨ་མི་རི་ཀ།ར་ཤི་ཡ་བཅས་འཛམ་གླིང་གི་རྒྱལ་ཁྱབ་ཕྱུག་ཤོས་བདུན་ཞེས་པའི་དཔལ་འབྱོར་བློན་ཆེན་རྣམ་པའི་ལྷན་འཛོམས་གནང་སྟེ་འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་པའི་དཀའ་རྙོག་དང་དཀའ་ངལ་དེ་ནས་མཐར་ཐབས་སྐོར་བཀའ་བསྡུར་མཇུག་བསྡོམས་གནང་བའི་རྗེས་སུ་ཟུང་འབྲེལ་གསལ་བསྒྲགས་ཤིག་སྤེལ་བའི་ནང་རྒྱལ་སྤྱིའི་དངུལ་རྩིས་ལམ་ལུགས་ལ་ཛ་དྲག་ཐོག་ནས་བཅོས་བསྒྱུར་གཏོང་དགོས་པ་དང་རྒྱལ་ཁབ་སོ་སོའི་དཔལ་འབྱོར་ཉམས་རྒུད་སྲུང་སྐྱོབ་བྱ་རྒྱུའི་ཐབས་ལམ་ཁག་ནས་གཡོལ་ཐབས་དགོས་སྐོར་གསུངས་འདུག ཨ་མི་རི་ཀའི་དཔལ་འབྱོར་དྲུང་ཆེ་ཀྲིམ་གའེ་ཐི་ནར་མཆོག་གིས་ཨ་མི་རི་ཀ་ནི་འཛམ་གླིང་གི་དཔལ་འབྱོར་ཆེ་ཤོས་ཤིག་ཡིན་པའི་ཆ་ནས་འཛམ་གླིང་གི་རྒྱལ་ཁྱབ་ཕྱུག་ཤོས་བདུན་དང་ཉི་ཤུ་ཞེས་པ་ལ་སོགས་པའི་རྒྱལ་ཁབ་གཞན་ཚོས་དངུལ་རྩིས་ལམ་ལུགས་ལ་བཅོས་བསྒྱུར་གཏོང་རྒྱུའི་མང་མོས་ཐག་གཅོད་གང་བྱུང་བ་ལྟར་ཕྱག་ལས་མུ་མཐུད་གནང་རྒྱུའི་ཞལ་བཞེས་གནང་ཡོད་པའི་གནས་ཚུལ་འདུག