བལ་ཡུལ་ནས་ཨ་རིར་གྱོན་ཆས་ཕྱིར་བཙོང་གི་བརྒྱ་ཆ་ཆགས་འདུག
2008.09.06
༄༅༎བལ་ཡུལ་ནས་གྱོན་ཆས་ཨ་རིར་ཕྱིར་བཙོང་གི་སྡོམ་འབོར་ཕྱི་ལོ་༢༠༠༨ ལོའི་འགོ་སྟོད་ཀྱི་ཟླ་བརྒྱད་ནང་སྔར་ལོ་ལ་ལྟོས་ན་བརྒྱ་ཆ་༤༩ ཙམ་ཆགས་ཡོད་པ་རེད་ དེ་ཡང་སྔར་ལོའི་ཟླ་གྲངས་བརྒྱད་ནང་བལ་ཡུལ་ནས་གྱོན་ཆས་ཨ་རིར་ཕྱིར་བཙོང་བྱས་པའི་དངུལ་གྱི་སྡོམ་འབོར་ཨ་རིའི་ཌོ་ལར་ས་ཡ་ཉི་ཤུ་མ་ཟིན་ཙམ་བྱུང་ཡོད་ཀྱང་འདི་ལོའི་འགོ་སྟོད་ཟླ་གྲངས་བརྒྱད་ནང་ས་ཡ་བཅུ་ལྷག་ཙམ་ལས་བྱུང་མེད་པ་རེད་ བལ་ཡུལ་ནང་ངལ་རྩོལ་བའི་དཀའ་རྙོག་དང་ ཕྱིར་བཙོང་འགྲན་བསྡུར་བྱེད་དགོས་པ་ རྒྱལ་སྤྱིའི་གྱོན་གོས་ནང་འདྲེན་བྱེད་མཁན་ཚོས་རྒྱལ་ཁབ་གཞན་ལ་བསྔགས་ཉོ་ག་བསྒྱུར་བྱས་པ་སོགས་ཀྱིས་རྐྱེན་པས་བལ་ཡུལ་གྱི་གྱོན་གོས་ཕྱིར་བཙོང་ལ་ཉམས་ཆགས་བྱུང་བ་ཡིན་པར་བལ་ཡུལ་གྱི་གྱོན་གོས་ཕྱིར་བཙོང་ཚོགས་པའི་ཚོགས་གཞོན་གྱིས་འགྲེལ་བརྗོད་གནང་འདུག
ཕྱི་ལོ་༢༠༠༢ ལོ་ནས་བཟུང་བལ་ཡུལ་གྱི་གྱོན་གོས་ཕྱིར་བཙོང་བྱ་ཡུལ་གཙོ་བོ་ཨ་མི་རི་ཀས་ཡུལ་གྲུ་ཁག་ཅིག་ལ་སྒོ་ཁྲལ་ཆག་ཡང་བཏང་བར་བརྟེན་ བལ་ཡུལ་ནས་གྱོན་གོས་ཉོ་བསྒྲུབ་བྱེད་མཁན་ཇེ་ཉུང་དུ་ཕྱིན་ཡོད་པ་རེད་ བལ་ཡུལ་ནས་གྱོན་གོས་ཕྱིར་བཙོང་ཇེ་ཉུང་དུ་འགྲོ་བཞིན་པའི་རྐྱེན་གྱིས་གྱོན་གོས་བཟོ་གྲ་དེ་སྔ་ཉིས་བརྒྱ་སྐོར་ཡོད་པ་ནས་ད་ཆ་བཅུ་ཕྲག་ལྷག་ཙམ་ལས་མེད་པ་རེད་ ཕྱོགས་མཚུངས་བཟོ་གྲ་དེ་དག་གི་ལས་མི་ལྔ་ཁྲི་བརྒལ་བའི་འཚོ་བའི་མདུན་ལམ་ཤོར་ཡོད་པ་མ་ཟད་ ལྷག་པར་དུ་གྱོན་གོས་བཟོ་གྲའི་ནང་མ་འཛུགས་མ་གནས་ནེ་སྒེར་ཐེར་འབུམ་བཞི་ལྷག་ཉུང་དུ་ཕྱིན་ཡོད་པ་རེད་ ཨ་རིའི་ནང་གྱོན་གོས་ནང་འདྲེན་བྱས་རིགས་ལ་སྒོ་ཁྲལ་བརྒྱ་ཆ་བཅོ་བརྒྱད་རྒྱབ་ཀྱི་ཡོད་ཅིང་ ཨ་རིའི་གྲོས་ཚོགས་ནང་བལ་ཡུལ་ནས་གྱོན་གོས་ནང་འདྲེན་ལ་སྒོ་ཁྲལ་ཆག་ཡང་གཏང་རྒྱུའི་གྲོས་འཆར་ཞིག་བཏོན་ཡོད་པས་གྲོས་ཆོད་འཇོག་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་རེད༎