ལོ་ལྔའི་བཙོན་འཇུག་ཁྲིམས་བཅད།
2013.05.16

༄༅། །ཟླ་བ་འདིའི་ཚེས་ ༡༤ཉིན་བོད་མི་གཞོན་སྐྱེས་རྩོམ་པ་པོ་འགར་རྩེ་འཇིགས་མེད་ལགས་སུ་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་གི་ཁྲིམས་ཁང་ཞིག་ནས་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག རྩོམ་པ་པོ་འགར་རྩེ་འཇིགས་མེད་ཀྱིས་བཙན་པོའི་སྙིང་སྟོབས་ཅེས་པའི་དེབ་གཉིས་པ་དེ་བྲིས་གནང་པ་དེའི་རྒྱུ་མཚན་གྱིས་ཁོང་ལ་ཆབ་སྲིད་ཀྱི་དྭོགས་གཞི་ཡོད་པའི་ཉེས་འཛུགས་འོག ཁོང་གི་གྲྭ་ཤག་བསྔོགས་བཤེར་སོགས་བྱས་ཤིང། ཁོང་གསང་བའི་ཐོག་ནས་ཕྱི་ཟླ་ ༡ ཚེས་ ༡ ཉིན་འཛིན་བཟུང་བྱས་ཏེ་ཟི་ལིང་གྲོང་ཁྱེར་དུ་འཁྲིད་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད་པ་རེད། དེ་རྗེས་རྨ་ལྷོ་རེབ་གོང་དུ་གནས་སྤོས་ཀྱིས་ད་ལྟ་བར་བཙོན་འཇུག་བཀའ་ཉར་བྱས་རྗེས་མཐར་ཉིན་ཤས་གོང་ཁོང་ལ་ལོ་ལྔའི་བཙོན་དུས་ཁྲིམས་བཅད་བཏང་ཡོད་པ་རེད། ཁོང་ནི་དགུང་ལོ་ ༣༦ ཡིན་ཞིང། བོད་མདོ་སྨད་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་ཁོངས་ཀྱི་འབྲོག་སྡེ་ཆེན་པོ་མགོན་ཤུལ་ཚོ་ཆེན་བཅུའི་ནང་ཚན་སྒར་བ་ཞེས་པའི་མི་ཁོངས་ཡིན་པ་དང་། ཕྱི་ལོ་ ༡༩༩༢ ལོ་ནས་འགར་དགོན་ཆོས་གླིང་དུ་ཞུགས་ཏེ་བསྡུས་གྲྭ་དང་། ས་ལམ། གྲུབ་མཐའ། བརྡ་སྤྲོད་བཅས་ལ་སློབ་སྦྱོང་མཐར་ཕྱིན་པ་དང་། དེ་རྗེས་དགེ་བའི་བཤེས་གཉེན་དུ་མའི་མདུན་ནས་བློ་རྟགས་དང་རྣམ་འགྲེལ། ཕར་ཕྱིན། དབུ་མ། མཛོད་སོགས་གཞུང་ཆེན་བཀའ་པོད་ལྔར་སྦྱངས་ཏེ། ཕར་ཕྱིིན་རབ་འབྱམས་པའི་དམ་བཅའ་བཞག་ཡོད་པ་རེད། ༡༩༩༩ ལོ་ནས་བཟུང་གསར་རྩོམ་གྱི་ལས་ལ་ཞུགས་ཏེ་བོད་ནང་གི་རིག་གཞུང་ཞིབ་འཇུག་དང་སྦྲང་ཆར་སོགས་དུས་དེབ་མང་པོའི་ནང་རྩོམ་ཡིག་དུ་མ་སྤེལ་ཡོད་པ་རེད། ཕྱི་ལོ་ ༢༠༠༨ ལོར་བཙན་པོའི་སྙིང་སྟོབས་ཅེས་པའི་དེབ་ཕྲེང་དང་པོ་བཏོན་ཏེ། བོད་ནང་གི་བོད་མིའི་དཀའ་སྡུག་གི་གནས་སྟངས་གསལ་འདོན་བྱས་པར་བརྟེན་ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༤ བར་རྒྱ་གཞུང་གིས་ཁོང་འཛིན་བཟུང་བཀག་ཉར་གྱིས་གཅར་རྡུང་མནར་གཅོད་ཚད་ལས་བརྒལ་བ་བཏང་ཡོད་པ་རེད། །