བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་དགོས།
2012.10.30
༄༅། །རྒྱ་ནག་ནང་རྟེན་གཞི་བྱས་པའི་ཨ་མི་རི་ཀའི་གཞུང་ཚབ་པ་ Gary Locke མཆོག་གིས། ཉེ་སྔོན་དགེ་འདུན་དང་བཙུན་མ་གཙོ་བོར་གྱུར་པའི་བོད་མི་མང་པོས་རྒྱ་ནག་གཞུང་གི་དྲག་གནོན་ལ་ངོ་རྒོལ་ཞུ་ཕྱིར་རང་ལུས་མེར་སྲེག་གཏོང་སའི་བོད་ཀྱི་ཨ་མདོ་རྔ་པ་ཁུལ་དུ་དྲིལ་བསྒྲགས་མེད་པའི་ཐོག་ནས་དགོན་སྡེ་ཁག་ལ་གཟིགས་སྐོར་གནང་བ་དང་། དེའི་སྐབས་སུ་བོད་ཀྱི་རིག་གཞུང་དང་། བོད་མིས་མི་ཚེ་སྐྱེལ་སྟངས་སྐོར་ཞིབ་དཔྱད་གནང་སྟེ། ཕྱིས་སུ་རྒྱ་ནག་གཞུང་གིས་བོད་ཐོག་ལག་ལེན་བསྟར་བཞིན་པའི་སྲིད་བྱུས་དེ་དག་ལ་བསྐྱར་ཞིབ་བྱེད་དགོས་སྐོར་རྒྱ་ནག་གཞུང་ལ་སྐུལ་མ་བཏང་བ་ཡིན་ཞེས་པེ་ཅིང་ནས་དྲ་རྒྱའི་བརྒྱུད་ཨ་མི་རི་ཀའི་ཕྱོགས་སུ་གསལ་བཤད་གནང་ཡོད་པ་རེད། བོད་ཀྱི་དཀའ་རྙོག་སེལ་ཐབས་སླད། རྒྱ་ནག་གཞུང་གིས་བོད་མིའི་སྐུ་ཚབ་ལྷན་དུ་ཐུག་འཕྲད་གནང་སྟེ། བོད་ནང་གི་དགེ་བཙུན་ཚོས་རང་ལུས་མེར་སྲེག་གཏོང་དགོས་པའི་གནས་སུ་གྱུར་བའི་སྲིད་བྱུས་ཐད་ལ་བསྐྱར་ཞིབ་ནན་པོ་བྱེད་དགོས་ཀྱི་རད་ཞེས་ང་ཚོའི་ངོས་ནས་རྒྱ་ནག་གཞུང་ལ་རེ་སྐུལ་ཞུ་གི་ཡོད་ཅེས་དང་། བོད་ནང་གི་བོད་མི་ཚོས་རང་ལུས་མེར་སྲེག་བཏང་བའི་འཚེ་བའི་དོན་རྐྱེན་དེ་ཚོར་ ང་ཚོའི་ངོས་ནས་བསྒམ་ནན་ཅན་གྱི་བློ་འཚབ་འཚོར་གྱི་ཡོད་ལ་ ལས་འགུལ་དེ་ཚོའི་རིགས་ཡ་ང་སྐྱེ་འོས་པ་ཞིག་རེད་ཞེས་བརྗོད་ཀྱི་ཡོད་མི་སུ་འདྲ་ཞིག་ཡིན་རུང་། རང་ལུས་མེར་སྲེག་གཏོང་འདོད་ཡོད་པ་མ་རེད། བྱས་ཙང་རྒྱ་ནག་གཞུང་གིས་ བོད་མིའི་ཆོས་དང་རིག་གཞུང་སྐད་ཡིག་བཅས་པར་བརྩི་བཀུར་ཞུ་དགོས་ཀྱི་རེད་ཅེས་གསུངས་འདུག
འོན་ཀྱང་བོད་ཀྱི་གནད་དོན་ནི། རྒྱ་ནག་གི་ནང་སྲིད་ལས་དོན་ཞིག་རེད་ཞེས་དང་། རྒྱལ་ཁབ་དང་མི་སྒེར་སུ་འདྲ་ཞིག་ཡིན་རུང་། རྣམ་པ་སྣ་ཚོགས་ཇི་འདྲ་ཞིག་གི་ཐོག་ནས་རྒྱ་ནག་གི་ནང་སྲིད་ཐོག་ལ་ཐེ་བྱུས་བྱས་ན། ང་ཚོས་ངོ་རྒོལ་བྱེད་ཀྱི་ཡིན་ཞེས་ རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ Hong Lei ཡིས་ བརྗོད་ཡོད་པ་རེད།།