བཙན་བྱོལ་བོད་གཞུང་གི་ས་གནས་འགན་འཛིན་གྱི་ཚོགས་ཆེན།
2010.02.24
༄༅༎བཙན་བྱོལ་བོད་གཞུང་གི་ས་གནས་འགོ་འཛིན་གྱི་འཛིན་སྐྱོང་དང་འབྲེལ་བའི་ཚོགས་ཆེན་ཐེངས་དྲུག་པ་དེ་ཁ་སང་ཕྱི་ཟླ་༢ཚེས་༢༤ ཉིན་བཞུགས་སྒར་རྡ་རམ་ས་ལར་བསྐོང་ཚོགས་གནང་ཡོད་པ་རེད།
བཙན་བྱོལ་བོད་གཞུང་གི་ནང་སྲིད་ལས་ཁུངས་ཀྱི་གོ་སྒྲིག་ཐོག་ཚོགས་ཆེན་འདི་ལོ་གཉིས་རེའི་མཚམས་སྐོང་ཚོགས་གནང་གི་ཡོད་ཅིང་ རྒྱ་གར་དང་བལ་ཡུལ་འབྲུག་གསུམ་ནང་ཡོད་པའི་བོད་མིའི་གཞིས་ཆགས་ཁག་གི་འགོ་འཛིན་དང་འབྲེལ་མཐུད་པ་བཅས་ལྷན་འཛོམས་གནང་པའི་ཚོགས་ཆེན་འདི་དབུ་འབྱེད་སྐབས་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་མི་སྐྱབས་བཅོལ་བ་དེ་དག་གནས་ཡུལ་རྒྱ་བལ་འབྲུག་གསུམ་གྱི་ནང་ཁ་ཐོར་དགུ་ཐོར་དུ་མ་སོང་བར་སྤྱི་ཚོགས་ཀྱི་ངོ་བོར་གཞིགས་ཆགས་ཐུབ་པའི་དབང་གིས་འཛམ་གླིང་ནང་གི་སྐྱབས་བཅོལ་བ་གཞན་དང་མི་འདྲ་བར་རང་ཉིད་ཀྱི་རིག་གཞུང་སྲུང་སྐྱོབ་དང་བོད་རྩ་དོན་གྱི་ལས་དོན་མི་ཉམས་རྒྱུན་འཛིན་ དེ་བཞིན་རང་ཉིད་ཀྱི་འཚོ་ཐབས་སོགས་ཀྱི་ཐད་དམིགས་བསལ་གྱི་གྲུབ་འབྲས་ལྡན་པ་ཞིག་བྱུང་ཡོད་པ་གསུངས་འདུག།
དེ་ཡང་གཙོ་བོ་ཕྱི་ལོ་༡༩༥༩ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གར་གྱི་སྲིད་བློན་དམ་པ་ནེ་རུ་ལྷན་རྒྱས་ཀྱིས་ཕུགས་རྒྱང་རིང་པོའི་དགོངས་པ་བཞེས་ནས་བོད་མིའི་གཞིས་ཆགས་ཁག་འདུ་སྡོད་བྱ་རྒྱུའི་གོ་སྒྲིག་མཛད་པ་དང༌། བོད་པའི་སློབ་གྲྭ་ཟུར་འཛུགས་བསྐྱངས་པ་དེ་དག་ནི་རླབས་ཆེན་གྱི་མཛད་ཕྱོགས་བཟང་པོ་དང་སྲིད་བྱུས་མ་ནོར་བ་ཞིག་བྱུང་ཡོད་པ་ནི་ལོ་ལྔ་བཅུའི་རྗེས་ཕྱིར་བལྟས་སློག་སྐབས་ངོས་འཛིན་ཐུབ་པ་ཞིག་ཡིན་པ་བསྔགས་བརྗོད་གནང་ཡོད་པ་རེད།
དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྦར་སར་ཆོས་སྒར་ནས་གདན་ས་ཡོངས་རྫོགས་གཞིས་ཆགས་ཁག་ནང་གཏོང་གནང་མཛད་པ་དེས་ དེང་གི་ཆར་གདན་ས་ཁག་ནང་བཤད་སྒྲུབ་ཀྱི་བྱ་བ་ཧ་ཅང་ཡག་པོ་ཆགས་པ་བྱུང་ཡོད་པ་གསུངས་ཤིང༌། འདི་ལྟ་བུ་གཞིས་ཆགས་གལ་ཆེ་ཁག་ནང་དབུས་ཀྱི་བཀའ་བློན་བདུན་གྱི་ལས་དོན་ཆ་ཚང་ལག་ལེན་བསྟར་མཁན་དེ་ས་གནས་ཀྱི་འགོ་འཛིན་ཚོ་ཡིན་སྟབས་ ཐེངས་འདིའི་ཚོགས་ཆེན་ཐོག་གཙོ་བོ་འདས་པའི་ལོ་ངོ་ལྔ་བཅུའི་སྐྱིད་སྡུག་ལ་བསྐྱར་ཞིབ་བྱ་རྒྱུ་དང་ དེའི་ཉམས་མྱོང་གཞིར་བཟུང་ནས་འབྱུང་འགྱུར་ལོ་ལྔ་བཅུའི་རིང་ལས་དོན་བྱེད་ཕྱོགས་ཀྱི་ཐབས་ལམ་འཚོལ་རྒྱུའི་སྐོར་བགྲོ་གླེང་བྱ་རྒྱུའི་ཆེད་ཡིན་པ་གསལ་བཤད་གནང་ཡོད་པ་རེད།
ད་རེས་ཀྱི་ཚོགས་ཆེན་འདིའི་ཐོག་རྒྱ་གར་དང་བལ་ཡུལ་འབྲུག་གསུམ་ནང་ཡོད་པའི་བོད་མིའི་གཞིས་ཆགས་ཁག་གི་ས་གནས་འགན་འཛིན་༤༢ མཉམ་ཞུགས་གནང་ཡོད་ཅིང་ཚོགས་ཆེན་སྔོན་མའི་སྐབས་བཞག་པའི་གྲོས་ཆོད་ཁག་ལག་བསྟར་ཇི་ཞུས་དང་ཤེས་ཡོན་ལམ་ལུགས་དང་གཞིས་ཆགས་སྲ་བརྟན་བཟོ་ཐབས་ ས་ཁང་བདག་འཛིན་བེད་སྤྱོད་བྱ་ཕྱོགས་ཐད་སྒྲིག་མཐུན་ལག་ལེན་ཐུབ་ཐབས་ ཉམས་ཐག་ཞིབ་འཇུག་གི་ལྟ་སྐྱོང་བྱེད་ཕྱོགས་སོགས་ཀྱི་ཐད་བཀའ་བསྡུར་གནང་ཡོད་པ་རེད༎