རྒྱ་རིགས་ནས་བོད་དོན་གླེང་བ།
2013.05.07

༄༅། །འདི་ལོའི་ཇར་མ་ནིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལོ་འཁོར་ཚོགས་ཆེན་དེ་ཕྱི་ཚེས་ ༤ ཉིན་སྐོང་ཚོགས་གནང་འདུག་པ་དང་། ཇར་མ་ནིའི་ཕ་རེང་ཕཊ་ཏུ་སྐོང་ཚོགས་གནང་བའི་ད་རེས་ཀྱི་ལྷན་ཚོགས་དེའི་བརྗོད་གཞི་གཙོ་བོ་དེ་“བོད་དོན་ཆེད་མཉམ་འབྲེལ་དང་སྟོབས་ཤུགས་”ཞེས་པ་དེ་ཡིན་པ་དང་།
ཚོགས་འདུ་དེའི་ཐོག་ཇར་མ་ནིའི་ས་གནས་མི་འདྲ་ ༦༠ ལྷག་ནས་སྐུ་ཚབ་ཚོགས་མི་༨༠ ལྷག་མཉམ་བཞུགས་ཐོག་འདས་པའི་ལས་འགུལ་ལ་ཕྱི་མིག་བལྟས་པ་དང་། མ་འོངས་ལས་འགུལ་སྤེལ་ཕྱོགས་ཀྱི་སྐོར་ལ་གོ་བསྡུར་སྦྱང་བཤད་གནང་ཡོད་པ་རེད། ད་ཐེངས་ཚོགས་འདུའི་ཐོག་གི་སྐུ་མགྲོན་གཙོ་བོ་རྒྱ་ནག་གི་ཆབ་སྲིད་དང་ལྟ་བ་མི་མཐུན་པའི་རྒྱ་རིགས་རྩོམ་པ་པོ་གྲགས་ཅན་དང་རྒྱལ་སྤྱིའི་ཐོག་དྲང་བདེན་འཐབ་རྩོད་ཀྱི་རྩོམ་རིགས་བྱ་དགའ་ཐེངས་མང་ཐོབ་མྱོང་བའི་བོད་དོན་རྒྱབ་སྐྱོར་བ་ལིའོ་ཡི་ཝུ་ Liao Yiwu གདན་ཞུ་གནང་འདུག ཁོང་གིས་ དེང་སང་བོད་ཀྱི་གནས་སྟངས་དེ། ཡ་ང་བའི་གནས་ཚུལ་སྐྱོ་པོ་ཞིག་རེད་ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་རེད། སྐུ་ཞབས་ལིའོ་ཡི་ཝུ་ལགས་ཀྱིས་བོད་ནང་གི་གནས་སྟངས་སྐོར་ལ་གསུང་བཤད་གནང་སྐབས། འཛམ་གླིང་འདིའི་ནང་རང་དབང་སོགས་ཀྱི་ཆེད་རང་ལུས་མེར་སྲེག་གཏོང་མཁན་བོད་མི་ལྟར་བྱུང་མྱོང་མེད། དེ་ནི་ཧ་ཅང་ཡ་ང་བའི་གནས་ཚུལ་སྐྱོ་པོ་ཞིག་ཆགས་ཡོད། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཆིབས་བསྒྱུར་བསྐྱངས་པ་ནས་བཟུང་དུས་ད་ལྟར་བར་བོད་ལ་ཕྱིར་ཆིབས་སྒྱུར་བསྐྱངས་ཐུབ་མེད་སྐོར་སོགས་གསུངས་ཡོད་པ་རེད།།