དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་ཀྱི་བཙོན་འཇུག་དུས་ཡུན་ཚང་ནས་ཀློད་ཡོད་ཀྱང་ཁོང་གི་སྐུ་གཟུགས་གནས་སྟངས་ཧ་ཅང་སྐྱོ་བོར་ཆགས་ཡོད་འདུག
ཕྱི་ལོ་༢༠༢༡ལོའི་ཕྱི་ཟླ་༤ཚེས་༣ཉིན་རྒྱ་ནག་གཞུང་གིས་ཕྱི་ཕྱོགས་སུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གཉིས་ལ་སྐྱབས་བསྔོ་ཞུ་བརྟེན་གྱི་དངུལ་བསྐུར་བའི་ཉེས་མིང་འོག་འཛིན་བཟུང་གིས། ལོ་གཉིས་ཀྱི་བཙོན་འཇུག་ཁྲིམ་ཐག་བཅད་ཡོད་པ། རྔ་བ་ཀིརྟི་དགོན་གྱི་ལྷ་སྡེ་འགབ་མ་ནས་ཡིན་པ་ཚེ་རིང་ཚང་གི་བུ་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་ཀྱི་བཙོན་འཇུག་དུས་ཡུན་ཚང་སྟེ་ཕྱི་ཟླ་༥་ཚེས་༢༣་ཉིན་ཀློད་གྲོལ་བཏང་ཡོད་པ་དང་། དེ་རིང་ཕྱི་ཚེས་༢༥་ཉིན་ཁོང་དངོས་སུ་ཀིརྟི་དགོན་པར་ཕྱིར་ལོག་གི་ཡོད་པ་དང་། ཡུན་རིང་བཙོན་ཁང་དུ་བཅུག་ཏེ་མནར་གཅོད་དང་སུན་བཙེར་བཟོས་རྐྱེན། ཁོང་གི་སྐུ་གཟུགས་གནས་སྟངས་སྐྱོ་བོ་དང་སྐམ་རིད་ཆགས་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༢༡ལོར་དགེ་བཤེས་བསོད་ནམས་རྒྱ་མཚོ་དང་ཁོང་གི་སྲིང་མོ་ཚེ་རིང་ལྷ་མོ། དེ་བཞིན་ཀིརྟི་དགོན་པའི་དགེ་འདུན་པ་དགེ་བཤེས་རྭ་ཆུང་དགེ་འདུན་གསུམ་བཅས་ནས། བཞུགས་སྒར་དྷ་རམ་ས་ལར་བརྟེན་གཞི་བྱས་པའི་ཀིརྟི་བྱེས་པ་གྲྭ་ཚང་གི་ཕྱག་མཛོད་བློ་བཟང་ཐོགས་མེད་ལགས་བརྒྱུད། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གཉིས་ལ་སྐྱབས་བསྔོ་ཞུ་བརྟེན་གྱི་དངུལ་བསྐུར་བའི་ཉེས་མིང་འོག་འཛིན་བཟུང་དང་དུས་ཡུན་མི་འདྲ་བའི་ཁྲིམས་ཆད་བཅད་ཡོད་པ་རེད་ལ། འབྲེལ་ཡོད་བོད་མི་དེས་མུ་མཐུད་ད་ལྟའི་ཆར་ཚེ་རིང་ལྷ་མོ་ལགས་ཀྱང་ཀློད་གྲོལ་བཏང་སྟེ་ཟླ་བ་གཅིག་འགྲོ་བཞིན་ཡོད་ཀྱང་། ཁོ་མོའི་སྐུ་གཟུགས་གནས་སྟངས་སྐྱོ་བོ་དང་ན་ཚ་རེ་ཡི་རྐྱེན་གྱིས་ཁྲིན་ཏུའུ་རུ་བརྟག་དཔྱད་བྱེད་དགོས་བྱུང་གི་ཡོད་པ་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གིས་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་བཀག་ཉར་དང་འདྲི་རྩད་ཡུན་རིང་བྱས་ཏེ། ཕྱི་ལོ་༢༠༢༢ལོའི་ཕྱི་ཟླ་༧ནང་ཁོང་ལ་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ་རྒྱ་ནག་མེན་ཡང་བཙོན་ཁང་དུ་བཅུག་ཡོད་པ་རེད་ལ། དེ་བཞིན་ཀིརྟི་དགོན་གྱི་དགེ་བཤེས་རྭ་ཆུང་དགེ་འདུན་ལགས་ཀྱང་ཕྱི་ལོ་༢༠༢༡ཟླ་༤ཚེས་༡ཉིན་གྱི་མཚན་མོར་རྔ་ཡུལ་ཀིརྟི་དགོན་གྱི་རང་ཤག་ནས་གློ་བུར་དུ་ཉེན་རྟོག་པས་བཟུང་གིས། ཕྱི་ལོ་༢༠༢༢ཟླ་༧ནང་ཁོང་ལ་དུས་ཡུན་ལོ་གསུམ་དང་ཟླ་དྲུག་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད་ལ། དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་ཀྱི་སྲིང་མོ་ཚེ་རིང་ལྷ་མོ་ལགས་ཀྱང་ཕྱི་ལོ་༢༠༢༡ལོའི༤ནང་འཛིན་བཟུང་གིས་འདས་པའི་ལོ་གཉིས་ལྷག་རིང་ཁྲིམས་ཐག་བཅད་མིན་གྱི་ཞིབ་ཕྲའི་གནས་ཚུལ་གསལ་ཁ་གང་ཡང་མེད་པར་ཀློད་ཡོད་པ་དང་། ད་ལྟའི་ཆར་རྭ་ཆུང་དགེ་འདུན་ལགས་མུ་མཐུད་རྒྱ་ནག་ཏེན་ཡང་བཙོན་ཁང་དུ་ཁོང་གི་བཙོན་འཇུག་དུས་ཡུན་འཁུར་བཞིན་པ་ཡིན་འདུག
དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་ལོ་ན་ཆུང་དུས་ནས་རྔ་ཡུལ་ཀིརྟི་དགོན་དགེ་ལྡན་ལེགས་བཤད་གླིང་གི་ཆོས་སྒོར་ཞུགས་ཏེ། དགེ་བའི་བཤེས་གཉེན་ཆེན་པོ་ཨ་ཁུ་བློ་བསྟན་སོགས་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་སློབ་གཉེར་རིམ་པར་གནང་མཐར། རྗེས་སུ་རྔ་བ་ཀིརྟི་དགོན་ནས་དགེ་བཤེས་ཀྱི་མཚན་བཏགས་བཞེས་པ་དང་། དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་ནས་དེ་སྔ་ཀིརྟི་དགོན་པའི་དགེ་བསྐོས་དང་ཆོས་ལུགས་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་འགན་འཁུར་མྱོང་ཡོད་པ་དང་། ཁོང་གིས་དགོན་པའི་ལས་འགན་སྔ་ཕྱིར་བཞེས་པའི་རིང་། ཕྱི་ལོ་༢༠༠༨ལོའི་བོད་ནང་གི་ས་བྱི་ཞི་རྒོལ་སོགས་ཀྱི་སྐབས་སུ་རྫོང་དང་དགོན་པའི་བར་ཆབ་སྲིད་ཀྱི་གནད་དོན་དང་འབྲེལ་ནས་དཀའ་ངལ་རིམ་པར་འཕྲད་ཡོད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།