བཙུན་མ་རྣམས་ཀྱིས་ནང་པ་སངས་རྒྱས་པའི་ཆོས་དང་། བོད་ཀྱི་སྐད་ཡིག་ལ་སྦྱང་སྤྱོད་སྤེལ་གསུམ་གྱིས་བོད་བསྟན་སྲིད་ལ་ཞབས་འདེགས་ཞུ་རྒྱུར་ཧུར་བརྩོན་བྱ་རྒྱུ་གལ་ཆེན་པོ་ཡིན་པ་དགེ་བཤེས་མ་བློ་བཟང་བྱང་ཆུབ་ལགས་ཀྱིས་དཔེ་དེབ་དབུ་འབྱེད་སྐབས་གསུངས་སོང་།
དེ་རིང་རྒྱལ་སྤྱིའི་བུད་མེད་ཉིན་མོ་དང་བསྟུན་ནས་དགེ་བཤེས་མ་བློ་བཟང་བྱང་ཆུབ་ལགས་ཀྱིས་དཔེ་དེབ་དབུ་འབྱེད་དང་འབྲེལ་བཙུན་མ་ཚོས་བོད་བརྒྱུད་བསྟན་ལ་སློབ་གཉེར་གྱིས་བོད་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་ལ་ཞབས་འདེགས་ཞུ་དགོས་པ་གསུང་གི་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་བཀའ་སློབ་ལམ་སྟོན་འོག་བཙན་བྱོལ་བོད་པའི་སྤྱི་ཚོགས་ཁྲོད་གྲྭ་བཙུན་དབྱེར་མེད་ཀྱིས་གཞུང་ཆེན་ཀ་པོད་ལྔ་ཐོས་བསམ་སློབ་གཉེར་གནང་སྟེ། དགེ་བཤེས་མའི་མཚན་གནས་བཞེས་རྒྱུའི་གོ་སྐབས་ཐོབ་ཡོད་པ་ལྟར། བཙན་བྱོལ་ནང་དུ་བཙུན་མ་རྣམས་ནས་ལོ་མང་རིང་ནང་པའི་གཞུང་ལུགས་ལ་སློབ་གཉེར་དང་། གཞུང་ལུགས་འབྲི་རྩོམ་གནང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༢༥ ཕྱི་ཟླ་ ༣ ཚེས་ ༨ རེས་གཟའ་སྤེན་པའི་ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བཙུན་དགོན་དགའ་ལྡན་ཆོས་གླིང་གི་འདུ་ཁང་དུ་དགེ་བཤེས་མ་བློ་བཟང་བྱང་ཆུབ་ལགས་ཀྱི་དགེ་བཤེས་མའི་རྟེན་འབྲེལ་མཛད་སྒོ་དང་སྟབས་བསྟུན་ནས་ཁོང་རང་ཉིད་ཀྱིས་བརྩམས་པའི་དཔེ་དེབ་གཉིས་དབུ་འབྱེད་གནང་སོང་།
དབུ་འབྱེད་མཛད་སྒོའི་ཐོག་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་ཀྱིས་བཙུན་མ་རྣམ་ནས་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་གནང་སྟེ་གཙོ་བོ་ཕུགས་རྒྱང་རིང་པོའི་དམིགས་ཡུལ་བཟུང་བའི་ཐོག མ་འོངས་པར་བོད་རང་བཙན་ཐོབ་ནས་རང་ཡུལ་དུ་ལོག་རྗེས་རང་ཉིད་ཀྱི་འགན་འཁུར་འོག སོ་སོའི་ལུང་ཚན་ཁག་ལ་དགོན་པ་གསར་རྒྱག་དང་། སློབ་སྦྱོང་སྤྲོད་རྒྱུ་སོགས་ཀྱིས་བོད་སྤྱི་ལ་ཕན་པའི་ཞབས་འདེགས་བསྒྲུབ་རྒྱུར་འགན་ཁུར་དགོས་པ་གསུངས་སོང་།
དེ་བཞིན་དཔེ་དེབ་རྩོམ་པ་པོ་དགེ་བཤེས་མ་བློ་བཟང་བྱང་ཆུབ་ལགས་ཀྱིས་ཁོང་ནས་དཔེ་དེབ་བརྩམས་དགོས་པའི་དམིགས་ཡུལ་དང་འབྲེལ་ཏེ། གཙོ་བོ་རང་ཉིད་ཀྱིས་དགེ་བཤེས་མའི་སློབ་སྦྱོང་བྱས་པའི་ཉམ་མྱོང་ཁྲོད། དགེ་ཚུལ་གྱི་བསླབ་བྱའི་སྐོར་དེབ་གཅིག་བྱུང་ན་མ་འོངས་པ་དགེ་བཤེས་མའི་རྒྱུག་སྤྲོད་ནང་མཉམ་ཞུགས་གནང་མཁན་གྱི་བཙུན་མ་རྣམས་ལ་ཕན་ཐོག་ཆེན་པོ་བྱུང་ངེས་ཡིན་པ་སྙམ་ནས་བརྩམས་ཡིན་སྐོར་གསུངས་བ་མ་ཟད། བཙུན་མ་རྣམས་ནས་ཀྱང་རང་གི་སྐད་ཡིག་རིག་གཞུང་དང་། ལྷག་པར་ནང་པའི་གཞུང་ལུགས་ལ་ཐོས་བསམ་སློབ་གཉེར་བྱས་ཏེ་བོད་བསྟན་སྲིད་ལ་ཞབས་འདེགས་བསྒྲུབ་རྒྱུར་འབད་རྩོལ་གནང་རྒྱུ་གལ་ཆེན་པོ་ཡིན་པ་གསུངས་སོང་།
གཞི་རྩའི་དགེ་བཤེས་མ་བློ་བཟང་བྱང་ཆུབ་ལགས་ཀྱིས་དེ་བར་དཔེ་དེབ་གསུམ་ལྗགས་རྩོམ་གནང་འདུག་ཅིང་། ཁོང་གིས་བརྩམས་གནང་བའི་དཔེ་དེབ་ཁག་ནི་ཚོར་བ་རིས་སུ་ཕབ་པ་དང་། དགེ་ཚུལ་གྱི་བསླབ་བྱ་གཅེས་གཏུས། དཔྱད་རྩོམ་ཕྱོགས་བསྒྲིགས་བཅས་རེད་འདུག །
གསར་འགོད་པ། རྡོ་རྗེ་སྒྲོལ་མ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།