རྒྱ་གར་གྱི་སྲིད་བློན་མོ་དྷིས་མཆོག་གིས་ལྡི་ལིར་ཚོགས་བཞིན་པའི་གོ་ལའི་ནང་པའི་ལྷན་ཚོགས་དབུ་འབྱེད་གནང་སོང་།

2023.04.20
རྒྱ་གར་གྱི་སྲིད་བློན་མོ་དྷིས་མཆོག་གིས་ལྡི་ལིར་ཚོགས་བཞིན་པའི་གོ་ལའི་ནང་པའི་ལྷན་ཚོགས་དབུ་འབྱེད་གནང་སོང་། རྒྱ་གར་གྱི་སྲིད་བློན་མོ་དྷིས་མཆོག་གིས་ལྡི་ལིར་ཚོགས་བཞིན་པའི་གོ་ལའི་ནང་པའི་ལྷན་ཚོགས་དབུ་འབྱེད་གཏམ་བཤད་གནང་སྐབས། ༠༤།༢༠།༢༠༢༣
AP

དེ་ཡང་རྒྱ་གར་དབུས་གཞུང་རིག་གཞུང་ལྷན་ཁང་དང་། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་གཉིས་ཀྱི་གོ་སྒྲིག་འོག ཟླ་བ་འདིའི་ཕྱི་ཚེས་༢༠ དང་༢༡བཅས་ཉིན་གཉིས་རིང་། རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་གི་ཨ་ཤོ་ཁཱ་(Ashoka)་གསོལ་མགྲོན་ཁང་དུ། གོ་ལའི་ནང་པའི་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་དང་པོ་ཚོགས་བཞིན་པ་དང་། ཚེས་༢༠ཉིན་ཚོགས་ཆེན་ཐོག་རྒྱ་གར་གྱི་སྲིད་བློན་ན་རན་རྡར་མོ་དྷིས་(Narendra Modi)་མཆོག་ཆེད་ཕེབས་ཀྱིས་ལྷན་ཚོགས་དབུ་འབྱེད་གནང་ཡོད་པ་རེད།
སྐབས་དེར་སྲིད་བློན་མོ་དྷིས་མཆོག་གིས་ནང་པའི་ལྷན་ཚོགས་ཐོག་ཕེབས་པའི་རྒྱལ་ཁབ་འདྲ་མིན་གྱི་ཚོགས་བཅར་བ་ཁྱོན་༥༠༠ལྷག་ལ། གོ་ལའི་ནང་པའི་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་དང་པོའི་ཐོག་ཁྱེད་རྣམ་པ་འཛམ་གླིང་གི་ས་ཕྱོགས་གང་ས་ནས་ཕེབས་ཡོད་པ་རེད། སངས་རྒྱས་བཅོམ་ལྡན་འདས་མཆོག་གིས་ས་གཞི་འདིའི་རྒྱུན་སྲོལ་ལྟར་མགྲོན་པོ་ནི་ང་ཚོའི་དཀོན་མཆོག་ལྟར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཡིན་ན་འང་སྟོན་པ་བཅོམ་ལྡན་འདས་ཀྱི་ལྟ་གྲུབ་ཀྱི་རྗེས་སུ་འཇུག་མཁན་མང་པོ་ཞིག་ལ་འདི་ལྟར་མཇལ་དུས་སྟོན་པ་བཅོམ་ལྡན་འདས་དངོས་སུ་མཇལ་བའི་ཚོར་བ་ཡོང་གི་འདུག སྟོན་པའི་ཤེས་པ་ནི་རྟག་པ་དང་བར་མ་ཆད་པ་ཞིག་རེད། སོང་ཙང་ད་རེས་འདི་གར་འཛམ་གླིང་ནང་གི་རིག་གཞུང་མི་འདྲ་བའི་མི་སྣ་མང་པོ་ཞིག་ས་གནས་གཅིག་ཏུ་མཉམ་འཛོམས་གནང་ཐུབ་པ་ཙམ་དུ་མ་ཟད། ཚང་མ་མཉམ་རུབ་ཀྱི་ཐོག་ནས་གོ་ལ་འདིའི་མ་འོངས་ཡར་རྒྱས་ཆེད་དུ་བསམ་བློ་གཅིག་མཐུན་གྱི་ཐོག་ནས་ཕྱག་ལས་གནང་བ་ཡིན་ན་མ་འོངས་པར་ཏན་ཏན་ཡག་པོ་ཡོང་ངེས་ཡིན་པ་སོགས་གསུངས་གནང་སོང་།

དེ་བཞིན་རྒྱ་གར་དབུས་གཞུང་གི་ཁྲིམས་དོན་བློན་ཆེན་ཀི་རེན་རེ་ཇི་ཇུ་(Kiren Rijiju)་ལགས་ཀྱིས། ངོས་རང་ད་རེས་གོ་ལའི་ནང་པའི་ལྷན་ཚོགས་ཐོག་མཉམ་ཞུགས་གནང་ཐུབ་པར་དགའ་སྤོབས་བྱུང་། དེ་རིང་ང་ཚོ་འདི་གར་འཛོམས་ནས་སྟོན་པ་བཅོམ་ལྡན་འདས་མཆོག་གིས་ཡོངས་ཁྱབ་གསུངས་པའི་ཆོས་དང་བསླབ་བྱ་རྣམས་དྲན་སྐུལ་བྱེད་བཞིན་ཡོད་ལ། ལྷག་པར་དུ་ང་རང་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་དབུ་བཙུགས་པ་ནས་ད་བར་འབྲེལ་བ་ཆེན་པོ་ཡོད་པས་ང་རང་བསོད་ནམས་ཆེན་པོ་ཡིན་བསམ་གྱི་འདུག ནང་པ་སངས་རྒྱས་པའི་ཆོས་ནི་ཆོས་ཙམ་མིན་པར་མི་ཚེའི་ཐབས་ལམ་ཞིག་ཀྱང་རེད་ལ། འདི་ནི་ད་ལྟའི་འཚེ་བ་དང་དམག་འཁྲུག་ཅན་གྱི་དུས་སྐབས་འདིར་ཞི་བདེ། བྱམས་བརྩེ་དང་འཚེ་བ་མེད་པའི་བསླབ་བྱ་སྤེལ་མཁན་གྱི་ཐབས་ལམ་གལ་ཆེ་ཞིག་ཡིན་པ་སོགས་གསུངས་གནང་སོང་།
ཡང་ལྷན་ཚོགས་དེ་གོ་སྒྲིག་གནང་མཁན་རྒྱལ་སྤྱིའི་ནང་བསྟན་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་གཞོན་པ་དགའ་ལྡན་ཤར་རྩེ་མཁན་ཟུར་བྱང་ཆུབ་ཆོས་ལྡན་ལགས་ཀྱིས། ད་རེས་ཀྱི་ལྷན་ཚོགས་དེ་ཚོགས་དགོས་པའི་དམིག་ཡུལ་གཙོ་བོ་ནི། ད་ལྟ་འཛམ་གླིང་ཐོག་འཕྲད་བཞིན་པའི་དཔལ་འབྱོར་དང་ཁོར་ཡུག་དེ་བཞིན་དམག་འཁྲུག་སོགས་ཀྱི་དཀའ་ངལ་རིགས་ནང་པའི་ལྟ་གྲུབ་དང་བསླབ་བྱའི་ཐོག་ནས་སེལ་ཐབས་ཡོང་ཆེད་ཡིན་པ་གསུངས་ཡོད་པ་རེད།
ད་རེས་ཀྱི་གོ་ལའི་ནང་པའི་ལྷན་ཚོགས་ཐོག་སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་། ཀུན་བདེ་གླིང་རིན་པོ་ཆེ་རྗེ་བཙུན་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་མཆོག ས་སྐྱ་ཁྲི་འཛིན་ཞེ་གསུམ་པ་ཛྙ་བཛྲ་རིན་པོ་ཆེ་མཆོག བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་སོགས་གཞན་ནང་པའི་བླ་ཆེན་ཁག་མང་པོ་ཞིག་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས། ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས། དེ་བཞིན་ཕྱིའི་རྒྱལ་ཁབ་ཁག་༣༠ལྷག་ནས་ནང་པའི་སྐུ་ཚབ་༡༧༠ལྷག་དང་། རྒྱ་གར་ནང་གི་ནང་པའི་ཚོགས་པ་ཁག་འདྲ་མིན་ནས་སྐུ་ཚབ་༡༥༠ལྷག་བཅས་མཉམ་ཞུགས་གནང་ཡོད་འདུག
ཚོགས་ཆེན་གྱི་ཉིན་གཉིས་པ་ཕྱི་ཚེས་༢༡ཉིན། བོད་མིའི་དབུ་ཁྲིད་བླ་ན་མེད་པ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གྱིས་ཚོགས་མགོན་དུ་བཞུགས་ནས་ཚོགས་བཅར་བ་ཡོངས་ལ་བཀའ་སློབ་སྩལ་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་རེད།


གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎