རྒྱ་ནག་གཞུང་གིས་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་དངོས་སུ་འཛིན་བཟུང་བྱ་རྒྱུའི་ཉེན་བརྡ་བཏང་ཡོད་འདུག
ཉེ་སྔོན་ཕྱི་ཟླ་༤ཚེས་༢༥ཉིན་བོད་ཀྱི་ཚོང་བ་ཆེན་མོ་དང་རྒྱ་ནག་གི་བཙོན་འོག་ཏུ་ཚེ་བཙོན་གྱི་ཁྲིམས་ཆད་འཁུར་བཞིན་པ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ནས། རྒྱ་ནག་གཞུང་འབྲེལ་བོད་ལྗོངས་མི་མང་ཁྲིམས་ཁང་མདུན་དུ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་ལ་བསྐྱར་ཞིབ་དང་དྲང་བདེན་གྱི་ཐག་གཅོད་དགོས་པའི་ངོ་རྒོལ་དང་འབྲེལ། རྒྱ་ནག་གཞུང་འབྲེལ་ལྷ་ས་སྤྱི་བདེ་མི་སྣས་མགོན་པོ་སྐྱིད་དང་ཁོང་གི་བཟའ་ཟླ་ཆོས་སྐྱོང་གཉིས་འཛིན་བཟུང་བཙན་ཁྲིད་ཀྱིས། ལྷ་ས་བཀག་སྐྱིལ་ཁང་དུ་ཉིན་མཚན་གཉིས་རིང་བརྡུང་རྡེག་བྱས་ཡོད་པ། བོད་ཕྱི་ནང་གཉིས་ཀྱི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བྱུང་།
གོང་ཞུས་བོད་ནང་གི་གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་བརྗོད་དོན་ལ། ཕྱི་ཚེས་༢༥ཉིན་གཅེན་མོ་མགོན་པོ་སྐྱིད་དང་ཁོང་གི་བཟའ་ཟླ་གཉིས་བོད་ལྗོངས་མི་མང་ཁྲིམས་ཁང་མདུན་དུ་ངོ་རྒོལ་དང་འབྲེལ། རྒྱ་ནག་ཉེན་རྟོག་པས་མགོན་པོ་སྐྱིད་ཀྱི་ངོ་རྒོལ་སྐབས་མི་མང་གིས་མི་མཐོང་ཆེད་རས་ཡོལ་ནག་པོས་མཐའ་སྐོར་བ་སོགས་བྱས་ཡོད་པ་དང་། ཕྱི་ཚེས་༢༦ཉིན་གྱི་སྔ་དྲོ་མགོན་པོ་སྐྱིད་དང་ཁོང་གི་བཟའ་ཟླ་གཉིས་བསྐྱར་དུ་འཛིན་བཟུང་གིས་ལྷ་ས་བཀག་སྐྱིལ་ཁང་དུ་ཕྱི་ཚེས་༢༧གྱི་མཚན་དཀྱིལ་བར་རྡུང་རྡེག་འདྲི་རྩད་བྱས་ཏེ་གློད་ཡོད་ཀྱང་། བསྐྱར་དུ་ངོ་རྒོལ་རིགས་བྱས་ཚེ་ཁོང་གཉིས་དངོས་སུ་འཛིན་བཟུང་བྱ་རྒྱུའི་འཇིག་སྐུལ་བྱས་ཡོད་པ་སོགས་འགྲེལ་བརྗོད་གནང་བྱུང་།
ཡང་འབྲེལ་ཡོད་ནས་མགོན་པོ་སྐྱིད་ལགས་ནས་དྲ་ལམ་དུ་ངོ་རྒོལ་གྱི་བརྙན་ཞིག་མཁོ་སྤྲོད་གནང་བའི་ནང་། བརྙན་ནང་དུ་མགོན་པོ་སྐྱིད་ལགས་ནས་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཚེ་བཙོན་ཁྲིམས་ཆད་ལ་ཁྲིམས་ཞིབ་པས་བསྐྱར་ཞིབ་བྱ་བཅུག་དགོས་པ་དང་། ཁོང་ལ་ཁྲིམས་ཁང་གིས་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་དུ་ཐག་གཅོད་དགོས་པའི་དོན་ཚན་གཉིས་སྟོན་བཞིན། ཁོང་མོ་དང་བཟའ་ཟླ་གཉིས་འཛིན་བཟུང་དང་བཅར་བརྡུང་བྱས་པའི་སྐོར་གསལ་བཤད་དང་འབྲེལ། ད་ལྟའི་ཆར་ལྷ་ས་སྤྱི་བདེ་ཉེན་རྟོག་པ་ཟེར་བས་ཁོང་གཉིས་དངོས་སུ་འཛིན་བཟུང་བྱ་རྒྱུ་བརྗོད་སོང་ན་ཡང་། ཉེས་པ་གང་ཡང་མེད་པའི་ཁོ་མོའི་སྤུན་མཆེད་རྡོ་རྗེ་བཀྲ་ཤིས་ལགས་ཀློད་གྲོལ་མ་བཏང་བར་བསྐྱར་དུ་འཛིན་བཟུང་བྱ་བཅུག་རྒྱུ་དང་། མ་བསད་བར་དུ་ལས་འགུལ་མཚམས་འཇོག་བྱ་རྒྱུ་མིན་པ་སོགས་བརྗོད་འགྲེལ་བརྗོད་གནང་གི་འདུག
སྤྱིར་ཉེ་སྔོན་ཕྱི་ཟླ་༢ནང་རྒྱ་ནག་གཞུང་གིས་བོད་ཀྱི་ཚོང་བ་ཆེན་མོ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མི་ཚོར། ངོ་རྒོལ་ལས་འགུལ་དང་ཞུ་གཏུགས་རིགས་མཚམས་འཇོག་དགོས་པ་དང་། རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་ལ་བསྐྱར་ཞིབ་བྱ་རྒྱུ་ཡིན་པ་ཁས་ལེན་བྱས་ཡོད་ཀྱང་། ཕྱི་ཟླ་༤ཚེས་མགོར་རྒྱ་ནག་གཞུང་འབྲེལ་ལྷ་ས་ཉེན་རྟོག་ཚན་པས་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་ལ་འགྱུར་བ་གང་ཡང་མེད་པར་བརྗོད་ཡོད་སྟབས། ཁོང་གི་གཅེན་མོ་གཙོས་ནང་མི་ཚོས་ཕྱི་ཟླ་༤ནང་རྡོ་རྗེ་བཀྲ་ཤིས་ལགས་བཙོན་འཇུག་བྱས་ཡོད་པའི་བོད་ལྗོངས་ཁྲིམས་ཁང་མདུན་དུ་ངོ་རྒོལ་རིམས་པར་བྱ་དགོས་བྱུང་ཡོད་པ་རེད།
རྒྱ་ནག་གཞུང་གིས་རྡོ་རྗེ་བཀྲ་ཤིས་ལགས་སུ་ཕྱི་ལོ་༢༠༠༨ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་བོད་མི་ཞི་རྒོལ་བ་ཚོར་རྒྱབ་སྐྱོར་བྱས་ལུགས་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་མ་དངུལ་གྱི་ཞལ་འདེབས་སྤྲད་ལུགས་བརྗོད་ནས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་དེ་ལོ་ངོ་༡༥འགྲོ་བཞིན་ཡོད་པ་དང་། ཁོང་གི་གཅེན་པོ་རྡོ་རྗེ་ཚེ་བརྟན་ལགས་དང་གཅེན་མོ་མགོན་པོ་སྐྱིད་དང་། དེ་བཞིན་གཅེན་མོའི་བཟའ་ཟླ་ཆོས་སྐྱོང་ལགས་གསུམ་གྱིས་ཐེངས་མང་ལ་ཡོངས་གྲགས་ངང་ཁོང་ཀློད་གྲོལ་དགོས་པའི་ཞུ་གཏུག་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད་ལ། རྒྱ་ནག་གཞུང་གིས་རྡོ་རྗེ་ཚེ་བརྟན་ཡང་འཛིན་བཟུང་གིས་མི་ལོ་༦བཙོན་འཇུག་ཁྲིམས་ཐག་བཅད་མྱོང་བ་དང་། མགོན་པོ་སྐྱིད་ཀྱང་སྔ་རྗེས་སུ་ཐེངས་༥ལ་འཛིན་བཟུང་དང་འདྲི་རྩད་གཅར་བརྡུང་ཐེངས་མང་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།