མགོན་པོ་སྐྱིད་ལགས་ནས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་བཞིན་ཡོད་ཀྱང་རྒྱ་ནག་གཞུང་འབྲེལ་ཉེན་རྟོག་པ་ཚོས་ངོ་རྒོལ་སྐབས་པར་དང་བརྙན་ལེན་པར་དམ་དྲགས་ཤུགས་ཆེར་བྱེད་བཞིན་ཡོད་འདུག

2023.10.30
མགོན་པོ་སྐྱིད་ལགས་ནས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་བཞིན་ཡོད་ཀྱང་རྒྱ་ནག་གཞུང་འབྲེལ་ཉེན་རྟོག་པ་ཚོས་ངོ་རྒོལ་སྐབས་པར་དང་བརྙན་ལེན་པར་དམ་དྲགས་ཤུགས་ཆེར་བྱེད་བཞིན་ཡོད་འདུག རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་ཡོད་པའི་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས། ༠༨།༠༡།༢༠༢༣
བོད་འབྱོར།

འདི་ལོའི་ཕྱི་ཟླ་༨ནང་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་ནས་རྡོ་རྗེ་བཀྲ་ཤིགས་ལགས་ཀྱི་དྲང་བདེན་མིན་པའི་ཁྲིམས་ཆད་ལ་བསྐྱར་ཞིབ་དགོས་པའི་ངོ་རྒོལ་དང་འབྲེལ། རྒྱ་ནག་གཞུང་འབྲེལ་ཉེན་རྟོག་པས་བཅར་བརྡུང་གིས་ཡར་ལངས་མི་ཐུབ་པའི་གནས་སུ་སྐྱེལ་ཡོད་པ་བཞིན། ཁོ་མོས་ཕྱི་ཟླ་༩་དང་༡༠་གཉིས་ནང་མུ་མཐུད་ངོ་རྒོལ་བྱས་ཡོད་ཀྱང་རྒྱ་ནག་གཞུང་འབྲེལ་ཉེན་རྟོག་ཚན་པ་ཚོས། ཁོ་མོས་ངོ་རྒོལ་སྐབས་བཙན་ཐབས་ཀྱིས་བཀག་འགོག་དང་། པར་དང་བརྙན་ལེན་མི་བཅུག་པ་དང་ཁ་པར་བཙན་འཕྲོག་བྱེད་པ་སོགས་དམ་དྲགས་དང་བཙན་ཤེད་བཀོལ་བཞིན་ཡོད་པ། བོད་ཕྱི་ནང་གཉིས་ཀྱི་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་འབྲེལ་ཡོད་ཅིག་ནས་མུ་མཐུད་བརྗོད་དོན་ལ། མགོན་པོ་སྐྱིད་ལགས་ནས་འདི་ལོའི་ཕྱི་ཟླ་༨ནང་བོད་ལྗོངས་མི་དམངས་མཐོ་རིམ་ཁྲིམས་ཁང་དུ་ཞུ་གཏུག་ངོ་རྒོལ་དང་འབྲེལ། ངོ་རྒོལ་ལས་འགུལ་མུ་མཐུད་སྤེལ་བཞིན་ཡོད་ན་ཡང་། ད་ལྟའི་ཆར་རྒྱ་ནག་གཞུང་འབྲེལ་ཉེན་རྟོག་པ་ཚོས་ཁོ་མོར་དམ་དྲགས་བྱེད་ཤུགས་ཆེ་རུ་ཕྱིན་ཡོད་པ་དང་། ཁོ་མོས་མུ་མཐུད་ཕྱི་ཟླ་༩དང་༡༠གཉིས་ནང་རྡོ་རྗེ་བཀྲ་ཤིས་ཀྱི་འབྲེལ་ཡོད་ཁྲིམས་ཀྱི་ཡིག་ཆ་ཁག་ལ་ཞིབ་བཤེར་བྱེད་རྒྱུ་དང་། ཁྲིམས་ཁང་གི་ནོར་འཁྲུལ་ཅན་གྱི་ཐག་གཅོད་དེར་བསྐྱར་ཞིབ་བྱེད་དགོས་པའི་ཞུ་གཏུག་ངོ་རྒོལ་ལས་འགུལ་སྤེལ་ཡོད་ན་ཡང་། ཉེན་རྟོག་པ་ཚོས་བཀག་འགོག་དང་བཅར་བརྡུང་གི་གནས་སྟངས་རྒྱུན་ལྡན་ལྟར་ཡིན་སྐོར་འགྲེལ་བརྗོད་གནང་བྱུང་།

མགོན་པོ་སྐྱིད་ལགས་ནས་མངོན་གསལ་དོད་པོས་ངང་འདི་ལོའི་ཕྱི་ཟླ་གསུམ་པ་དང་བཞིན་པ། ལྔ་པ་དང་དྲུག་པ། བདུན་པ་བརྒྱད་པ་བཅས་སུ་རིམ་པ་བཞིན་སྤུན་མཆེད་རྡོ་རྗེ་བཀྲིས་ལགས་ཀློད་གྲོལ་དང་། ཐུག་འཕྲད་དང་དྲང་བདེན་མིན་པའི་ཁྲིམས་ཆད་ལ་བསྐྱར་ཞིབ་དགོས་པའི་ངོ་རྒོལ་བྱས་ཡོད་ཀྱང་། རྒྱ་ནག་གཞུང་འབྲེལ་ཉེན་རྟོག་པ་ཚོས་ཁོ་མོ་མི་མང་གིས་མི་མཐོང་ཆེད་རས་ཡོལ་གྱིས་གཡོགས་པ་དང་། རྗེས་སུ་བཅར་བརྡུང་དང་བཀག་ཉར་སོགས་ཀྱི་བཙན་ཐབས་བཀོལ་ཡོད་པ་རེད་ལ། འདི་ལོའི་ཕྱི་ཟླ༨པའི་ཚེས༢༣ཉིན། བོད་ལྗོངས་མི་དམངས་མཐོ་རིམ་ཁྲིམས་ཁང་དུ་སོང་ནས་ཞུ་གཏུག་སྐབས། ཉེན་རྟོག་པ་ཚོས་ཁོ་མོར་བཅར་བརྡུང་གིས་ཡར་ལངས་མི་ཐུབ་པའི་གནས་སུ་ལྷུང་ཡོད་པ་དང་། དེའི་རྗེས་ཁོ་མོས་ཞུ་གཏུག་ངོ་རྒོལ་སོགས་ཀྱི་བརྙན་དང་པར་རིས་རིགས་དྲ་ལམ་མཐོང་རྒྱུ་མེད་པར་ཟླ་བ་གཉིས་ཕྱིན་ཡོད་པ་དང་། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས། མགོན་པོ་སྐྱིད་ལགས་ལགས་ནས་མུ་མཐུད་ངོ་རྒོལ་བྱེད་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཁོ་མོའི་ངོ་རྒོལ་གྱི་བརྙན་དང་པར་དག་བོད་ནང་གི་མི་མང་གིས་མི་ཤེས་ཐབས་དང་། རྒྱལ་སྤྱིའི་སྟེང་མི་མཐོང་ཆེད་བཀག་བསྡོམས་བྱེད་བཞིན་པ་གསལ་བོ་ཡིན་པ་བརྗོད་བྱུང་།

རྒྱ་ནག་གཞུང་གིས་རྡོ་རྗེ་བཀྲ་ཤིས་ལགས་སུ་ཕྱི་ལོ་༢༠༠༨ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་བོད་མི་ཞི་རྒོལ་བ་ཚོར་རྒྱབ་སྐྱོར་བྱས་ལུགས་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་མ་དངུལ་གྱི་ཞལ་འདེབས་སྤྲད་ལུགས་བརྗོད་ནས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་དེ་ལོ་ངོ་༡༥འགྲོ་བཞིན་ཡོད་པ་དང་། ཁོང་གི་གཅེན་པོ་རྡོ་རྗེ་ཚེ་བརྟན་ལགས་དང་གཅེན་མོ་མགོན་པོ་སྐྱིད་དང་། དེ་བཞིན་གཅེན་མོའི་བཟའ་ཟླ་ཆོས་སྐྱོང་ལགས་གསུམ་གྱིས་ཐེངས་མང་ལ་ཡོངས་གྲགས་ངང་ཁོང་ཀློད་གྲོལ་དགོས་པའི་ཞུ་གཏུག་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད་ལ། རྒྱ་ནག་གཞུང་གིས་རྡོ་རྗེ་ཚེ་བརྟན་ཡང་འཛིན་བཟུང་གིས་མི་ལོ་༦བཙོན་འཇུག་ཁྲིམས་ཐག་བཅད་མྱོང་བ་དང་། མགོན་པོ་སྐྱིད་ཀྱང་སྔ་རྗེས་སུ་ཐེངས་༥ལ་འཛིན་བཟུང་དང་འདྲི་རྩད་གཅར་བརྡུང་ཐེངས་མང་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

 

གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། 
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎