རྒྱ་ནག་གཞུང་གིས་མགོན་པོ་སྐྱིད་ལགས་སུ་རྡོ་རྗེ་བཀྲ་ཤིས་ལགས་དང་ཐུག་འཕྲད་བྱ་བཅུག་རྒྱུའི་ཁས་ལེན་བྱས་པ་བཞིན་ཐུག་འཕྲད་བྱེད་བཅུག་མེད་འདུག

2023.07.13
རྒྱ་ནག་གཞུང་གིས་མགོན་པོ་སྐྱིད་ལགས་སུ་རྡོ་རྗེ་བཀྲ་ཤིས་ལགས་དང་ཐུག་འཕྲད་བྱ་བཅུག་རྒྱུའི་ཁས་ལེན་བྱས་པ་བཞིན་ཐུག་འཕྲད་བྱེད་བཅུག་མེད་འདུག མགོན་པོ་སྐྱིད་ལགས་ནས་ལྷ་ས་གྲྭ་བཞི་བཙོན་ཁང་སྒོ་ཁར་རྡོ་རྗེ་བཀྲ་ཤིཉ་ལགས་སུ་ཐུག་འཕྲད་ཆེད་བཅར་བ། ༢༠༢༣།༠༧།༥ ཉིན།
བོད་འབྱོར།

ཕྱི་ཟླ་༧ནང་རྒྱ་ནག་གཞུང་འབྲེལ་ཚན་པས་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མི་ཚོར་བཙོན་ཁང་དུ་ཁོང་དང་ཐུག་འཕྲད་བྱ་བཅུག་རྒྱུའི་ཁས་ལེན་བྱས་ཡོད་པ་བཞིན། ཕྱི་ཟླ་༧ཚེས་༥ཉིན་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ནས་རྡོ་རྗེ་བཀྲ་ཤིས་ལགས་སུ་ཐུག་འཕྲད་ཆེད་ལྷ་ས་གྲྭ་བཞི་བཙོན་ཁང་དུ་ཕྱིན་པར། ཉིན་དེར་ཁོང་དང་ཐུག་འཕྲད་བྱེད་བཅུག་མེད་པ་མ་ཟད་མགོན་པོ་སྐྱིད་ལགས་སུ་འཇིགས་སྐུལ་དང་བཙན་ཤེད་ཀྱིས་བཀག་འགོག་དང་། གཅར་རྡུང་རིགས་བྱས་ཡོད་པ་བོད་ཕྱི་ནང་གཉིས་ཀྱི་འབྲེལ་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་འབྲེལ་ཡོད་བོད་མི་གཅིག་ནས་གཅེན་མོ་མགོན་པོ་སྐྱིད་ལགས་ནས། དྲ་ལམ་བརྒྱུད་རྡོ་རྗེ་བཀྲ་ཤིགས་ལགས་སུ་ཐུག་འཕྲད་བྱེད་མ་བཅུག་པའི་གནས་ཚུལ་གསལ་བཤད་གནང་བཞིན་པའི་བརྙན་ཞིག་མཁོ་སྤྲོད་གནང་བའི་ནང་། ལྷ་ས་གྲྭ་བཞི་བཙོན་ཁང་དུ་ཁས་ལེན་བྱས་པ་བཞིན་ཐུག་འཕྲད་བྱེད་མ་བཅུག་པ་མ་ཟད། ཉེན་རྟོག་པ་དང་བདེ་སྲུང་མི་སྣ་ཡོང་ནས་བཙན་ཤེད་ཀྱིས་བཀག་འགོག་བྱས་སོང་བས།ཁོ་མོས་མུ་མཐུད་རྡོ་རྗེ་བཀྲ་ཤིས་ལགས་སུ་ཐུག་འཕྲད་ཆེད་ཞུ་གཏུགས་རེ་ཞུ་བྱ་རྒྱུ་ཡིན་པས། ཁྱེད་ཚོས་འཛིན་བཟུང་དང་བཙོན་མཇུག་མ་བྱས་པར་དུ།ང་ལ་ཐུག་འཕྲད་རེ་ཞུ་བྱ་རྒྱུ་དང་རྡོ་རྗེ་བཀྲ་ཤིས་ལགས་སུ་ཐུག་འཕྲད་ཀྱི་ཐོབ་ཐང་ཡོད་སྐོར་སོགས་འགྲེལ་བརྗོད་གནང་གི་འདུག

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མི་ཚོས་འདས་པའི་ལོ་ངོ་གསུམ་རིང་ཡང་དང་བསྐྱར་དུ་བཙོན་ཁང་དང་ཁྲིམས་ཁང་དུ་སྙན་ཞུ་ཕུལ་ནས། རྡོ་རྗེ་བཀྲ་ཤིས་ལགས་སུ་ཐུག་འཕྲད་བྱ་བཅུག་རྒྱུའི་རེ་སྐུལ་བྱས་ཀྱང་། རྒྱ་ནག་གཞུང་འབྲེལ་མི་སྣ་ཚོས་གཅེན་མོ་མགོན་པོ་སྐྱིད་གཙོས་ནང་མི་ཚོར་ཐུགས་འཕྲད་ཙམ་གྱི་གོ་སྐབས་སྤྲོད་ཀྱི་མེད་འདུག་ལ། ཡང་མགོན་པོ་སྐྱིད་ལགས་ནས་བརྙན་ལམ་བརྒྱུད་མུ་མཐུད་ཁོ་ཚོས་རྡོ་རྗེ་བཀྲ་ཤིས་ལགས་སུ་ཐུག་འཕྲད་བྱ་རྒྱུ་ཕར་ཟད་འཕྲིན་ཡིག་ཙམ་ཡང་གཏོང་བཅུག་མ་སོང་ལ། ཕྱི་ལོ་༢༠༢༡ལོའི་ཕྱི་ཟླ་༡ཚེས་༡༥ཉིན་རྡོ་རྗེ་བཀྲ་ཤིས་ངེད་གཉིས་བར་བརྙན་ལམ་བརྒྱུད་ཁ་བརྡ་ཞིག་བྱས་པ་ནས་བཟུང་། ད་བར་ཡིག་ངག་གཉིས་ནས་འབྲེལ་བ་གང་ཡང་བྱེད་བཅུག་གི་མེད་སྐོར་འགྲེལ་བརྗོད་གནང་གི་འདུག

མཇུག་ཏུ་མགོན་པོ་སྐྱིད་ལགས་ནས་མོ་རང་གཙོས་ནང་མི་ཚོ་ག་དུས་ཁྲིམས་ཁང་དང་བཙོན་ཁང་སྒོ་ཁར་ཞུ་གཏུགས་ཆེད་ཕྱིན་སྐབས། རྒྱ་ནག་གཞུང་འབྲེལ་མི་སྣ་ཚོས་ཉེན་རྟོག་པ་དང་བདེ་སྲུང་མི་སྣ་ཟེར་བ་སོགས་སྐད་བཏང་སྟེ། ཁོ་རང་ཚོས་པར་རྒྱག་པ་དང་བརྙན་ལེན་པ་སོགས་བྱེད་བཞིན་ཡོད་ཀྱང་། ང་ཚོས་པར་རྒྱག་སྐབས་ཁ་པར་དང་པར་ཆས་སོགས་བཙན་འཕྲོག་གིས་གཅར་རྡུང་དང་བརྙས་བཅོས་གཏོང་གི་ཡོད་སྐོར་འགྲེལ་བརྗོད་གནང་འདུག་ལ། ཁོ་མོས་མུ་མཐུད་རེ་བ་ཞུ་རྒྱུ་དེ་རྡོ་རྗེ་བཀྲ་ཤིས་ལགས་སུ་ཐུག་འཕྲད་བྱ་བཅུག་རྒྱུ་དང་། ཁོང་གི་དྲང་བདེན་མིན་པའི་ཁྲིམས་ཆད་ལ་བསྐྱར་ཞིབ་གནང་རྒྱུ་བཅས་ཡིན་པ་སོགས་བསྒྲགས་འདུག

རྒྱ་ནག་གཞུང་གིས་རྡོ་རྗེ་བཀྲ་ཤིས་ལགས་སུ་ཕྱི་ལོ་༢༠༠༨ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་བོད་མི་ཞི་རྒོལ་བ་ཚོར་རྒྱབ་སྐྱོར་བྱས་ལུགས་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་མ་དངུལ་གྱི་ཞལ་འདེབས་སྤྲད་ལུགས་བརྗོད་ནས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་དེ་ལོ་ངོ་༡༥འགྲོ་བཞིན་ཡོད་པ་དང་། ཁོང་གི་གཅེན་པོ་རྡོ་རྗེ་ཚེ་བརྟན་ལགས་དང་གཅེན་མོ་མགོན་པོ་སྐྱིད་དང་། དེ་བཞིན་གཅེན་མོའི་བཟའ་ཟླ་ཆོས་སྐྱོང་ལགས་གསུམ་གྱིས་ཐེངས་མང་ལ་ཡོངས་གྲགས་ངང་ཁོང་ཀློད་གྲོལ་དགོས་པའི་ཞུ་གཏུག་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད་ལ། རྒྱ་ནག་གཞུང་གིས་རྡོ་རྗེ་ཚེ་བརྟན་ཡང་འཛིན་བཟུང་གིས་མི་ལོ་༦བཙོན་འཇུག་ཁྲིམས་ཐག་བཅད་མྱོང་བ་དང་། མགོན་པོ་སྐྱིད་ཀྱང་སྔ་རྗེས་སུ་ཐེངས་༥ལ་འཛིན་བཟུང་དང་འདྲི་རྩད་གཅར་བརྡུང་ཐེངས་མང་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎