མགོན་པོ་སྐྱིད་ལགས་གློད་གྲོལ་བཏང་ཡོད་ཀྱང་ལྷ་སར་སྡོད་མི་བཅུག་པར་བླ་བྲང་དུ་ཕྱིར་ཕུད་གཏོང་རྒྱུའི་ཉེན་ཁ་ཡོད་པ།

ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༢༡ ཉིན། རྒྱ་ནག་གི་བཙོན་འོག་ན་ཡོད་པའི་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས། རྒྱ་ནག་གཞུང་གིས་འདས་པའི་ཉིན་གྲངས་ ༩ རིང་རིང་བཀག་ཉར་རྗེས་གློད་གྲོལ་བཏང་ཡོད་པ་དང་། ད་ལྟའི་ཆར་བཀག་ཉར་ཁང་དུ་སློབ་གསོ་ཟེར་བ་ཞིག་བཏང་ཡོད་ཚུལ་ལས། ཁོང་གཉིས་ཀྱི་འཕྲོད་བསྟེན་གནས་སྟངས་དང་བཀག་ཉར་ཁང་དུ་རྡུང་རྡེག་བཏང་མིན་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་དམ་དྲག་རྐྱེན་གྱིས་ཤེས་རྟོགས་ཐུབ་ཀྱི་མེད་སྐོར། ཁོང་གཉིས་དང་འབྲེལ་བ་ཡོད་པའི་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གིས་ཕྱི་ཚེས་ ༡༣ ཉིན་མགོན་པོ་སྐྱིད་དང་ཁོང་གི་བཟའ་ཟླ་ཆོས་སྐྱོང་གཉིས་གློ་བུར་བོད་ལྗོངས་མི་མང་ཁྲིམས་ཁང་མདུན་ཐང་དུ་འཛིན་བཟུང་དང་། རྗེས་སུ་ཁོང་གཉིས་ལ་སློབ་གསོ་སྤྲོད་དགོས་སྐོར་བརྗོད་ནས་བཀག་ཉར་བྱས་ཡོད་ཀྱང་། ཆོས་སྐྱོང་ལགས་ཕྱི་ཚེས་ ༡༧ ཉིན་གློད་གྲོལ་བཏང་ཡོད་པ་དང་། ཡང་འབྲེལ་ཡོད་གཞན་དེས་ད་ལྟའི་ཆར་མགོན་པོ་སྐྱིད་དང་ཆོས་སྐྱོང་གཉིས་ཀྱི་ནང་མི་ཚོས། ཁོང་གཉིས་རྒྱ་ནག་གཞུང་འབྲེལ་མི་སྣ་ཚོས་ལྷ་ས་ནས་སྡོད་མི་བཅུག་པར་བླ་བྲང་དུ་ཕྱིར་ཕུད་གཏོང་རྒྱུའི་ཉེན་ཁ་ཞིག་ཡོང་གི་ཡོད་པའི་འཇིགས་སྣང་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
མགོན་པོ་སྐྱིད་དང་ཁོང་མོའི་བཟའ་ཟླ་ཆོས་སྐྱོང་གཉིས་ཀྱིས་བོད་ལྗོངས་མི་དམངས་ཁྲིམས་ཁང་གི་མདུན་དུ། ཁོང་མོའི་སྤུན་མཆེད་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་དྲང་བདེན་མིན་པའི་ཁྲིམས་ཆད་ལ་བསྐྱར་ཞིབ་དང་། ནང་མི་ཚོ་ཁོང་དང་ཐུག་འཕྲད་བྱ་བཅུག་དགོས་པ་སོགས་ཀྱི་ངོ་རྒོལ་དང་འབྲེལ་འཛིན་བཟུང་བཀག་ཉར་བྱས་ཡོད་པ་རེད་ལ། སྤྱིར་མགོན་པོ་སྐྱིད་ལགས་ཀྱིས་ད་ལོའི་ཟླ་གསུམ་པ་དང་བཞི་པ། ལྔ་པ། དྲུག་པ། བདུན་པ། བརྒྱད་པ་བཅས་སུ་རིམ་པ་བཞིན་སྤུན་མཆེད་རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཆད་ལ་ངོ་རྒོལ་རིམ་པར་བྱས་ཡོད་པ་དང་། ངོ་རྒོལ་གྱི་སྐབས་དེ་དག་ཏུ་རྒྱ་ནག་གི་ཉེན་རྟོག་པས་མགོན་པོ་སྐྱིད་ལགས་སུ་གཅར་རྡུང་དང་འཛིན་བཟུང་བཀག་ཉར་ཐེངས་མང་བྱས་ཡོད་པ་རེད།
རྒྱ་ནག་གཞུང་གིས་རྡོ་རྗེ་བཀྲ་ཤིས་ལགས་སུ་ཕྱི་ལོ་ ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་བོད་མི་ཞི་རྒོལ་བ་ཚོར་རྒྱབ་སྐྱོར་བྱས་ལུགས་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་མ་དངུལ་གྱི་ཞལ་འདེབས་སྤྲད་ལུགས་བརྗོད་ནས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་དེ་ལོ་ངོ་ ༡༥ འགྲོ་བཞིན་ཡོད་པ་དང་། ཁོང་གི་གཅེན་པོ་རྡོ་རྗེ་ཚེ་བརྟན་ལགས་དང་གཅེན་མོ་མགོན་པོ་སྐྱིད་དང་། དེ་བཞིན་གཅེན་མོའི་བཟའ་ཟླ་ཆོས་སྐྱོང་ལགས་གསུམ་གྱིས་ཐེངས་མང་ལ་ཡོངས་གྲགས་ངང་ཁོང་ཀློད་གྲོལ་དགོས་པའི་ཞུ་གཏུག་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད་ལ། རྒྱ་ནག་གཞུང་གིས་རྡོ་རྗེ་ཚེ་བརྟན་ཡང་འཛིན་བཟུང་གིས་མི་ལོ་ ༦ བཙོན་འཇུག་ཁྲིམས་ཐག་བཅད་མྱོང་བ་དང་། མགོན་པོ་སྐྱིད་ཀྱང་སྔ་རྗེས་སུ་ཐེངས༦ལ་འཛིན་བཟུང་དང་འདྲི་རྩད་གཅར་བརྡུང་ཐེངས་མང་བྱས་པ་རེད།
གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།