བོད་ནང་བོད་མིས་དཀའ་སྡུག་མྱོང་བཞིན་པའི་སྐོར་དྲིལ་བསྒྲགས།
2011.02.07
༄༅༎ཨ་རིའི་གྲོང་ཁྱེར་ཤི་ཀ་གོ་ནང་རྟེན་གཞི་བྱས་པའི་གུ་རུབ་ཨོན་(Groupon)ཞེས་པའི་ཁེ་ལས་ཁང་གིས་ཁ་ས་ཨ་རིའི་རྒྱལ་ཡོངས་ནང་མང་ཚོགས་ཀྱི་དགའ་མོས་ཆེན་པོ་བྱ་ཡུལ་ཨ་རི་རྒྱལ་ཡོངས་ཀྱི་༢༠༡༡ལོའི་སུའུ་པར་སྦོལ་(Super Bowl)ཞེས་པའི་ཨོར་དོམ་པོ་ལོའི་འགྲན་བསྡུར་མཐའ་མ་དེ་བརྙན་འཕྲིན་ནང་བཏོན་སྐབས་བོད་ནང་གི་བོད་མི་ཚོས་དཀའ་སྡུག་མྱོང་བཞིན་ཡོད་པའི་དྲིལ་བསྒྲགས་ཤིག་རྒྱང་སྲིང་བྱས་ཡོད་པ་དེར་མི་ཁག་ཅིག་གིས་སྐྱོན་བརྗོད་བྱས་འདུག།
ལྟད་མོ་བ་ས་ཡ་༡༠༠ལྷག་ཙམ་གྱིས་ལྟ་བའི་ཁ་ས་ཨ་རིའི་བརྙན་འཕྲིན་ཐོག་གི་ཨོར་དོམ་པོ་ལོའི་རྩེད་འགྲན་སྐབས། Grouponཁེ་ལས་ཁང་གི་དྲིལ་བསྒྲགས་ནང་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་ཀྲི་མ་ཐི་ཧ་ཏན་ཡིས་ཤི་ཁ་གོ་ནང་གི་ཧི་མ་ལ་ཡ་བཟའ་ཁང་ནང་གི་ཉ་ཤའི་ཞལ་ལག་ལ་སྟོད་བསྔགས་བཏང་ནས། བོད་ནང་གི་བོད་མི་ཚོས་དཀའ་སྡུག་མྱོང་བཞིན་ཡོད་པ་དང༌། བོད་པའི་རིག་གཞུང་རྩ་བརླགས་ཏུ་འགྲོ་བཞིན་ཡོད་པའི་བཀའ་མོལ་གསུང་ཡོད་པ་རེད།