བལ་ཡུལ་ནང་ཕག་པའི་ནད་རིམས་ཁྱབ་ཡོད་པའི་གནས་ཚུལ།
2009.10.18
༄༅༎བལ་ཡུལ་ནང་དུ་དེང་སྐབས་འཛམ་གླིང་ནང་དུ་དར་ཁྱབ་འགྲོ་བཞིན་པའི་H1N1ཟེར་བའི་ཕག་པའི་རིམས་ནད་དེའི་ནད་འབུ་འགོས་ཁྱབ་ཟིན་པའི་ནད་པ་བཞི་ཅུ་ཞེ་བདུན་བྱུང་ཡོད་པ་རེད།
བལ་ཡུལ་གཞུང་ཕྱོགས་ནས་H1N1ཟེར་བའི་ཕག་པའི་རིམས་ནད་དེ་སྔོན་འགོག་གི་ལས་དོན་གྱི་ནུས་ཤུགས་ག་ཚོད་ཙམ་འདོན་སྤེལ་བྱེད་བཞིན་ཡོད་ཀྱང་བལ་ཡུལ་ཁྱོན་ཡོངས་སུ་རིམས་ནད་དེ་མྱུར་པོའི་སྒོ་ནས་ཁྱབ་གདལ་འགྲོ་བའི་རྣམ་པ་ཡོད་པའི་སྐོར་ལ་རེས་གཟའ་སྤེན་པའི་ཉིན་བལ་ཡུལ་གྱི་གསར་ཤོག་ཀཐ་མན་དྲུའི་ཕོ་ཉ་ཞེས་པའི་བཀོད་ཐོན་བྱུང་ཡོད་ཅིང་དེའི་སྔོན་དུ་བལ་ཡུལ་ནང་དུ་ཕག་པའི་རིམས་ནད་དེའི་ནད་འབུ་འགོས་ཁྱབ་ཟིན་པའི་ནད་པ་ཁྱོན་གྲངས་བཞི་ཅུ་ཞེ་བཞི་བྱུང་ཡོད་པ་དང་མི་དེ་རྣམས་ནི་ཕྱིའི་རྒྱལ་ཁབ་ནང་དུ་འགྲིམས་འགྲུལ་བྱས་པའམ་ཡང་ན་ཕྱི་རྒྱལ་བ་དང་འབྲེལ་ལམ་བྱུང་བ་ཤ་སྟག་ཡིན་པ་བཤད་ཡོད་པ་རེད། ཡིན་ནའང་རེས་གཟའ་སྤེན་པའི་ཉིན་བསྐྱར་ཏུ་ནད་པ་གསར་པ་གསུམ་ཐོན་ཡོད་པ་དང་སྐབས་དེར་བལ་ཡུལ་གཞུང་གི་འཕྲོད་བསྟེན་ལྷན་ཁང་གི་ཁྱབ་ཁོངས་སུ་ཡོད་པའི་རིམས་ནད་སྔོན་འགོག་གི་ལས་དོན་ཐོག་ལ་འགན་འཁུར་བཞེས་མཁན་གྱི་འགན་འཛིན་གཞོན་པ་སྨན་པ་ཇི་ཏེན་རྡར་མཱན་ཤེ་རེསི་ཐ་ཡིས་གསུངས་པར་ད་རེས་བསྐྱར་ཏུ་ནད་པ་གསར་པ་གསུམ་ཐོན་པ་དེ་རྣམས་ནི་ཕྱིའི་རྒྱལ་ཁབ་གཞན་དུ་འགྲིམས་འགྲུལ་བྱེད་མྱོང་བ་དང་ཕྱི་རྒྱལ་བ་དང་འབྲེལ་བ་བྱུང་བ་ཞིག་མིན་པའི་སྐོར་གསུངས་ཡོད་པ་དང་བལ་ཡུལ་གྱི་འཕྲོད་བསྟེན་ལྷན་ཁང་ནས་རྒྱལ་ཁབ་ནང་དུ་ཡོད་པའི་སྨན་ཁང་ཆེ་ཁག་ཚོར་ཆམ་པའི་རིམས་ནད་ཕོག་པའི་ནད་པ་ཚོར་འཕྲལ་དུ་སྨན་བཅོས་བྱ་དགོས་པའི་ཐད་ཀའི་བཀའ་ཁྱབ་བཏང་ཡོད་པ་རེད། གནས་སྟངས་དེ་དག་གི་ཐོག་ནས་བལ་ཡུལ་ནང་དུ་ཕག་པའི་རིམས་ནད་དེ་ནི་ཕྱི་རྒྱལ་དུ་འགྲིམས་འགྲུལ་བྱས་པའམ་ཡང་ན་ཕྱི་རྒྱལ་མི་རིགས་དང་ཐུག་འཕྲད་བྱེད་མྱོང་བ་ཁོ་ན་མ་ཡིན་པར་རིམས་ནད་དེ་བལ་ཡུལ་ནང་དུ་མྱུར་པོ་ཁྱབ་གདལ་འགྲོ་གི་ཡོད་པ་བློ་འཚབ་བྱེད་ཡུལ་ཞིག་ཏུ་གྱུར་ཡོད་པ་རེད།