བྱང་ཨ་རིའི་སྐུ་ཚབ་དོན་གཅོད་གསར་རྙིང་བར་རྩིས་སྤྲོད་རྩིས་ལེན་གནང་འདུག
2017.12.01

བྱང་ཨ་མི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་གཅོད་གསར་རྙིང་བར་རྩིས་སྤྲོད་རྩིས་ལེན་གནང་གྲུབ་འདུག
དེ་ཡང་ཨ་རིའི་བོད་ཀྱི་དོན་གཅོད་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་ ༡༡ ་ཚེས་ ༣༠ ་ཉིན་ཨ་མི་རི་ཀའི་རྒྱལ་སར་ཡོད་པའི་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་གསར་རྙིང་གི་རྩིས་སྤྲོད་རྩིས་ལེན་གྲུབ་ཡོད་པ་དང་། བཀའ་ཤག་གི་བཀའ་འབྲེལ་ལྟར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཐོག་སྤེན་པ་ཚེ་རིང་མཆོག་གིས་སྐུ་ཚབ་དོན་གཅོད་གསར་པ་དངོས་གྲུབ་ཚེ་རིང་མཆོག་ལ་དོན་གཅོད་ཁང་གི་རྩིས་སྤྲོད་རྩིས་ལེན་གྱི་བྱེད་སྒོ་ཡོངས་རྫོགས་སྤྲོད་དཔང་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་ཚེ་དབང་ཕུན་ཚོགས་ལགས་བརྒྱུད་གྲུབ་ཡོད་པ་འཁོད་འདུག
དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱིས་དོན་གཅོད་གསར་པ་དངོས་གྲུབ་ཚེ་རིང་ལགས་ཀྱི་གསུང་བཤད་ལུང་འདྲེན་ཞུས་པའི་ནང་། ཟླ་ ༡༡ ་ཚེས་ ༢༨ ་ཉིན་ནས་ཚེས ༣༠་རིང་གི་རྩིས་སྤྲོད་རྩིས་ལེན་དེ་དག་ཡག་ཐག་ཆོད་བྱུང་སོང་། དོན་གཅོད་ཟུར་པའི་ཐོག་ནས་གནད་དོན་རྒྱུས་སྟོན་དང་ཡིག་ཆ་ཁག འཛིན་ཆས་དང་དངོས་ཆས་ཡོངས་རྫོགས་རྩིས་སྤྲོད་རྩིས་ལེན་ཧ་ཅང་ཡག་པོ་བྱུང་། སྤྲོད་དཔང་དུ་ལྷོ་ཨ་མེ་རི་ཀའི་སྐུ་ཚབ་དོན་གཅོད་ཕེབས་ཡོད། ཁོང་ནས་ཐུགས་ཞིབ་ནན་པོ་གནང་སོང་། ཕྱོགས་མཚུངས་ལས་བྱེད་ཚོས་ཀྱང་ཡིག་ཆ་ཡོངས་རྫོགས་གྲ་སྒྲིག་ཧ་ཅང་ཡག་པོ་གནང་འདུག དེར་བརྟེན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་དང་། དེ་བཞིན་སྤྲོད་དཔང་ལྷོ་ཨ་མེ་རི་ཀའི་སྐུ་ཚབ་དོན་གཅོད་ཚེ་དབང་ཕུན་ཚོགས་ལགས་ཀྱིས་གསུང་དོན། འདས་པའི་ཉིན་གསུམ་རིང་། དོན་གཅོད་ཀྱི་ཕྱག་ལས་རྒྱུས་སྟོན་དང་མཇུག་སྐྱོང་། དེ་བཞིན་རྩིས་ཁྲ་དང་ཡིག་ཆས་སོགས་གང་ལྟར་ཚན་པ་ཁག་ ༡༥ ་ལ་ཞིབ་ཕྲའི་ཐོག་ནས་རྩིས་ལེན་རྩིས་སྤྲོད་གནང་པ་དང་། ཚེས་ ༣༠འི་སྔ་དྲོར་དངུལ་ཁང་གི་གཏོང་ལེན་འགན་འཛིན་གྱི་མཚན་རྟགས་བརྗེ་སྒྱུར་བྱས་རྒྱུའི་ལས་དོན་ཡོངས་རྫོགས་ཆ་ལག་ཚང་བའི་ཐོག་ནས་མཇུག་བསྒྲིལ་བ་ཡིན་ཞེས་གསུངས་གནང་འདུག
རྩ་བའི་ཆ་ནས་ཐེངས་འདིར་བཀའ་ཤག་གིས་གློ་བུར་དུ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་གྱི་ཐག་གཅོད་ལ་སྤྱི་ཚོགས་ནང་གླེང་སློང་ཤུགས་ཆེ་བྱུང་ཡོད་པ་མ་ཟད། དོན་གཅོད་ཟུར་བ་སྤེན་པ་ཚེ་རིང་ལགས་འཕོ་འགྱུར་བཏང་བ་དྲང་པོ་བྱུང་མེད་སྐོར་དང་འབྲེལ་ནས་བཀའ་ཤག་གི་ཐག་གཅོད་དེར་ངོས་ལེན་མེད་ཅེས་བཞུགས་སྒར་རྡ་རམ་ས་ལ་ནས་བོད་མི་ཁག་ཅིག་གིས་ངོ་རྒོལ་ལས་འགུལ་སྤེལ་ཡོད་ལ། དེ་བཞིན་ཁེ་ཎ་ཊ་དང་། ནེའུ་ཡོག ད་དུང་ཕྱི་ཟླ་ ༡༡ ་ཚེས་ ༢༩ ་ཉིན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་དུ་དོན་གཅོད་གསར་རྙིང་བར་རྩིས་སྤྲོད་རྩིས་ལེན་འགོ་འཛུགས་ཉིན་བོད་མི་ཁག་ཅིག་གིས་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་མདུན་དུ་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད།
གསར་འགོད་པ་སྟག་ལྷ་རྒྱལ།