༧གོང་ས་མཆོག་གིས་ཉི་ཧོང་ནང་མཛད་འཆར་དབུ་བཙུགས།
2014.04.07

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་ཉི་ཧོང་ནང་གི་ཉིན་གྲངས་བཅུ་ཙམ་གྱི་ཆིབས་བསྒྱུར་མཛད་འཆར་དབུ་བཙུགས་གནང་ཡོད་པ་རེད།
དེ་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་༧་ཉིན་ཕྱི་ལོ་༢༠༡༡ལོར་ས་ཡོམ་དང་རྒྱ་མཚོའི་རྦ་རླབས་ཀྱིས་འབྱུང་བའི་གོད་ཆགས་ཕོག་ཁུལ་Sendaiལ་ཕེབས་ནས་སེམས་ངལ་ཡོད་པའི་དམངས་ཚོགས་ལ་ནང་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་སུ་བཀའ་སློབ་གནང་བ་དང་། ཉི་འོང་གི་རྒྱལ་ས་ཀྲོའོ་ཀྱོའོ་ནང་རྟེན་གཞི་བྱས་པའི་MK Kaikanཚོགས་ཁང་ཆེན་མོའི་ནང་ཡ་རབས་བཟང་སྤྱོད་ཀྱི་ཐོག་ནས་མི་ཚེ་བསྐྱེལ་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་བཀྲིན་བསྐྱང་གནང་འདུག དེ་ནས་ཕྱི་ཚེས་༡༡་དང་༡༢་ཉིན་གཉིས་རིང་ཉི་ཧོང་གི་ཀྲོའོ་ཀྱོའོ་གྲོང་ཁྱེར་ནང་ཡོད་པའི་ཀྲོའོ་ཀྱོའོ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ཞིབ་འཇུག་ཚན་པ་དང་། སེམས་དང་སྲོག་གི་ལྟེ་གནས་ཁང་ཐོུང་ནས་གོ་སྒྲིག་ཞུས་པའི་སེམས་ཀྱི་བཀོད་པ་ཞེས་པའི་བརྗོད་གཞིའི་ཐོག་དེ་ཁུལ་གྱི་ཚན་རིག་པ་གྲགས་ཅན་ཁག་ཅིག་དང་ལྷན་དུ་བགྲོ་གླེང་མཛད་རྒྱུ་ཡིན་པ་རེད། དེ་ནས་ཕྱི་ཚེས་༡༣་དང་༡༤་བཅས་ལ་ཉི་ཧོང་གི་Koyasan དགོན་པའི་ནང་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་བསྡུས་དོན་དང་། དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་སྩལ་གནང་རྒྱུ་དང་། དེ་ནས་དེར་ཡོད་དད་ལྡན་ཆོས་ཞུ་བ་རྣམས་ལ་རྣམ་སྣང་སྔོན་ལྗང་གི་བཀའ་དབང་སྩལ་རྒྱུ། ཕྱི་ཚེས་༡༧་ཉིན་རྒྱལ་སྲས་ལག་ལེན་སོ་བདུན་མའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་སྩལ་གནང་རྒྱུ་ཡིན་པ་རེད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཉི་འོང་ནང་གི་མཛད་འཆར་ཁག་གྲུབ་རྗེས་རིམ་བཞིན་ཡོ་རོབ་ཀྱི་ཡུལ་གྲུ་ཁག་གཅིག་ནང་ཆིབས་བསྒྱུར་བཀྲིན་བསྐྱངས་གནང་རྒྱུ་ཡིན་པ་རེད།
གསར་འགོད་པ་དབྱངས་སྒྲོལ།