འབྲས་ལྗོངས་སུ་ཆིབས་བསྒྱུར་བསྐྱང་རྒྱུ།


2013.03.16
འབྲས་ལྗོངས་སུ་ཆིབས་བསྒྱུར་བསྐྱང་རྒྱུ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། བསྟན་འཛིན་དོན་ཡོད།

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེའི་གཞུང་གིས་ཇི་ལྟར་གདན་ཞུ་གསོལ་འདེབས་ཞུས་དོན་ལྟར་འབྲས་ལྗོངས་ཁུལ་དུ་ཟླ་བ་འདིའི་ཟླ་མཇུག་ཏུ་ཆིབས་བསྒྱུར་བསྐྱང་གནང་མཛད་གཏན་འཁེལ་འདུག།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༣ ཚེས་ ༢༤ ནས་ཉིན་གྲངས་དྲུག་རིང་འབྲས་ལྗོངས་ཁུལ་གྱི་ར་བང་ལྭ་ཁུལ་དང། དེ་རྗེས་རྒྱ་གར་གྱི་མངའ་སྡེ་ནུབ་སྦེང་གལ་གྱི་ས་གནས་ས་ལུ་ག་ར་བཅས་སུ་ཞབས་སོར་བཀྲིན་ཆེ་གནང་གིས་ཆོས་འབྲེལ་གསུང་ཆོས་ཀྱི་མཛད་འཕྲིན་བསྐྱང་མཛད་རྒྱུ་ཡིན་འདུག།
ར་བང་ལྭར་བོད་མི་གང་ཙམ་གནས་སྡོད་བྱེད་བཞིན་ཡོད་ལ། ས་ཁུལ་དེའི་ནང་འབྲས་ལྗོངས་མངའ་སྡེའི་གཞུང་གིས་སྟོན་པའི་སྐུ་བརྙན་ཆེན་པོ་ཞིག་གསར་བཞེངས་གནང་ཡོད་པ་དེར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དབུ་འབྱེད་རབ་གནས་བསྩལ་གནང་མཛད་རྒྱུ་ཡིན་འདུག་ཅིང། སྐབས་དེར་མངའ་སྡེའི་སྲིད་སྐྱོང་དང་སྤྱི་ཁྱབ་བློན་ཆེན་སོགས་ཀྱང་ཆེད་བཅར་ཞུ་རྒྱུ་ཡིན་འདུག།  དེ་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ས་གནས་དེའི་ནང་ཆོས་འབྲེལ་གསུང་ཆོས་དང་མང་ཚོགས་ལ་ཚེ་དབང་བསྩལ་གནང་མཛད་རྒྱུ་ཡིན་འདུག་ཅིང། ཕྱི་ཚེས་ ༢༦ ཉིན་ར་བང་ལྭ་ནས་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཁུལ་ཆིབས་ཞལ་བསྒྱུར་གནང་གིས་མཐོ་རིམ་སློབ་གྲྭ་ཁག་གི་སློབ་མ་ཚོར་ཤེས་རིག་དང་འབྲེལ་བའི་བླང་དོར་བཀའ་སློབ་བསྩལ་གནང་མཛད་རྒྱུ་ཡིན་འདུག།
ཕྱི་ཚེས་ ༢༧ ཉིན་འབྲས་ལྗོངས་ནས་ནུབ་སྦེང་གལ་གྱི་ས་གནས་ས་ལུ་ག་རར་སྲས་བརྒྱུད་གྲྭ་ཚང་དང་ཧི་མ་ལ་ཡའི་ཆོས་ཚོགས་ཐོུང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་མང་ཚོགས་ལ་འཇམ་མགོན་བླ་མ་ཙོང་ཁ་ཆེན་་པོས་མཛད་པའི་ལམ་རིམ་བསྡུས་དོན་དང། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས་མཛད་པའི་སེམས་ཉིད་ངལ་གསོའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་བསྩལ་གནང་མཛད་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་རེད།།


བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎