༸གོང་ས་མཆོག་ལ་མཁས་དབང་གི་ཕྱག་འཁྱེར་འབུལ་ལམ་ཞུས།
2012.10.20
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་ཆེ་མཆོག་ལ་ཨ་རིའི་གཙུག་ལག་སློབ་གྲྭ་ཁག་ཅིག་གིས་མཁས་དབང་གི་ཕྱག་འཁྱེར་འབུལ་ལམ་ཞུས་ཡོད་འདུག
ཕྱི་ཟླ་བཅུ་པའི་ཚེས་༡༩་སྔ་དྲོར་༸གོང་ས་མཆོག་ཨ་རིའི་མངའ་སྡེ་ཀེ་ན་ཊི་ཀ་ཊི་གཙུག་ལག་སློབ་གཉེར་ཁང་གི་ཚོགས་ཁང་ཞིག་ནང་མང་ཚོགས་༣༥༠༠་བརྒལ་བར་དངུལ་དང་དཔལ་འབྱོར་རྐྱང་པས་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་བཟོ་ཐུབ་རྒྱུའི་རེ་བ་འཆང་རྒྱུ་མེད་པའི་སྐོར་སོགས། མི་ཚེ་དོན་དང་ལྡན་པ་ཞིག་ཇི་ལྟར་བསྐྱལ་དགོས་སྐོར་བཀའ་སློབ་བསྩལ་བ་དང༌། གཙུག་ལག་སློབ་གཉེར་ཁང་དེས། ༸གོང་ས་མཆོག་གིས་འཛམ་གླིང་ནང་བྱམས་བརྩེ་དང་འཚེ་མེད་ཞི་བའི་ལྟ་གྲུབ་ལ་གཞི་བཅོལ་བའི་འགྲོ་བ་མིའི་བཟང་པོའི་རིན་ཐང་གོང་མཐོར་གཏོང་གནང་མཛད་པའི་མཛད་རྗེས་ལ་ངོས་འཛིན་ཞུ་ཆེད་གཙུག་ལག་སློབ་གྲྭས་མཁས་དབང་གི་ཕྱག་འཁྱེར་འབུལ་ལམ་ཞུས་འདུག།
དེ་རྗེས་ཉིན་དེའི་ཕྱི་དྲོར་ཨ་རིའི་མངའ་སྡེ་ནིའུ་ཡོག་གི་ཧན་ཊར་མཐོ་སློབ་ཆེན་མོའི་ནང་། དགེ་རྒན་ཆེན་མོ་དང་སློབ་ཕྲུག་བཅས་མི་མང་དྲུག་རྒྱ་ལྷག་ལ་ གཞན་གྱི་བདེ་དོན་ཆེད་ཇི་ཙམ་བསམ་བློ་མང་བ་བཏང་བ་དེས་ཚོད་ཀྱིས་རང་གི་སེམས་ནང་སྙིང་སྟོབས་འཕེལ་རྒྱུ་་ཡིན་པ་སོགས་གསུང་བཤད་གནང་བ་དང་། མཐོ་སློབ་ཁང་དེས་ཀྱང་། ༸གོང་ས་མཆོག་ལ་མཁས་དབང་གི་ཕྱག་ཁྱེར་འབུལ་ལམ་ཞུས་འདུག
དེ་ནས་ཕྱི་ཚེས་༢༠་ཉིན་ནིའུ་ཡོག་ཏུ་སེམས་དང་སྲོག་གི་ཚན་རིག་བགྲོ་གླེང་གི་ཚོགས་མགོན་དུ་ཕེབས་ནས་གསུང་བཤད་དང་། དྲི་བ་ཁག་ལ་ལན་འདེབས་གནང་བ་སོགས་ཀྱི་མཛད་འཆར་ཡོད་པ་དང་།།