༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་པ།

2025.02.21
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་པ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཱ་གཱལ་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས། ༢༠༢༥།༠༢།༢༡ ཉིན།
RFA/ Tenzin Woser

ཉེ་ལམ་ཟླ་ ༡ ཚེས་ ༧ ནས་བཟུང་བོད་མིའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་སུ་ཆིབས་སྒྱུར་གྱིས། ཕྱི་ནང་གི་མི་མང་ཁྲི་ཚོ་འགའ་ལ་དབང་བཀའ་ཆོས་དང་རྒྱ་གར་དབུས་སའི་གནད་ཡོད་མི་སྣ་ཚོར་མཇལ་ཁ་སྩལ་བའི་མཚོན། ཆོས་སྲིད་ཀྱི་མཛད་འཕྲིན་རྒྱ་ཆེར་བསྐྱངས་ཏེ་ཟླ་ ༢ ཚེས་ ༢༡ ཉིན་རྒྱ་གར་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད། སྔ་དྲོ་ཆུ་ཚོད་༨དང་སྐར་མ་༣༠སྟེང་བཞུགས་སྒར་ཉེ་འཁྲིས་གྷ་གལ་གནམ་ཐང་དུ་ཞབས་སོར་བདེ་བར་འཁོད་པ་ནས། བཞུགས་སྒར་༸རྒྱལ་བའི་ཕོ་བྲང་བར་བོད་མི་དང་ཕྱི་རྒྱལ་མི་རིགས། ས་གནས་རྒྱ་གར་བ་སོགས་དད་ལྡན་པ་སྟོང་ཕྲག་མང་པོས་ཕེབས་བསུ་ཟབ་རྒྱས་ཀྱི་ཞལ་མཇལ་ཞུས་སོང་ལ། མགོན་པོ་གང་ཉིད་དུས་ཡུན་ཟླ་ངོ་གཅིག་ཙམ་གྱི་རིང་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་བཞུགས་པར་བརྟེན། རྒྱ་གར་བྱང་ཕྱོགས་དང་ཁྱད་པར་བཞུགས་སྒར་དུ་གནས་སྡོད་དད་ལྡན་མང་པོས་གང་མགྱོགས་མགོན་པོ་མཆོག་གི་ཞལ་མཇལ་གསུང་ཐོས་ལ་སྐོམ་པ་ཆུ་འདོད་ལྟར་རེ་སྒུག་གནང་ཡོད་པས། བཞུགས་སྒར་དུ་གནས་སྡོད་དམ་ཆོས་ལགས་ནས་མགོན་པོ་གང་ཉིད་སྐུ་ཚེ་ཞབས་པད་བརྟན་པའི་གསོལ་འདེབས་སྨོན་ལམ་གནང་གི་ཡོད་པ་དང་། ང་ཚོ་བོད་མི་རྣམས་སྐྱིད་པོ་ཡོད་པ་ནི་ཁོང་གི་ཐུགས་རྗེ་བཀའ་དྲིན་དང་། ཁོང་སྐུ་ཚེ་ཞབས་པད་བརྟན་པ་ནི་ང་ཚོའི་བསོད་ནམས་རེད་ཅེས་འགྲེལ་བརྗོད་གནང་གི་འདུ

WhatsApp Image 2025-02-21 at 1.12.52 PM (1).jpeg
གངས་ཅན་སྐྱིད་གཤོངས་ཀྱི་རྒྱལ་སྒོར་བོད་མི་རྣམས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕེབས་བསུ་ཞུ་བཞིན་པ། ༢༠༢༥།༠༢།༢༡ ཉིན།

བཞུགས་སྒར་རྡ་རམ་ས་ལ་ཁུལ་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྷོ་ཕྱོགས་སུ་བཞུགས་ཞགས་མཛད་པའི་རིང་། མི་འབོར་མངོན་གསལ་དོད་པོར་ཇེ་ཉུང་དུ་ཕྱིན་ཡོད་ནའང་། མགོན་པོ་གང་ཉིད་བཞུགས་སྒར་དུ་ཞབས་སོར་འཁོད་ལ་ཉེ་བ་ནས་བཟུང་ཕྱི་ནང་གི་མི་རིགས་མང་པོ་ཞིག་ངང་གིས་འདུས་ཡོང་གི་ཡོད་པས། ལ་དྭགས་ནས་བཞུགས་སྒར་དུ་འབྱོར་པ་ཧྥ་སལ་ཁཱན་ཨ་ཤོར་ལགས་ནས་མགོན་པོ་གང་ཉིད་ཀྱི་ཞལ་མཇལ་ཐོབ་པར་བྱིན་རླབས་ཀྱི་ཚོར་བ་ཆེན་པོ་བྱུང་བ་འགྲེལ་བརྗོད་གནང་གི་འདུག ཁོང་གིས་ལ་དྭགས་པ་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དུས་རྟག་ཏུ་དད་གུས་ཧ་ཅང་ཆེན་པོ་གནང་གི་ཡོད་པ་དང་། ང་རང་མདང་དགོང་རྡ་རམ་ས་ལར་འབྱོར་མ་ཐག་ཏུ་༸མགོན་པོ་མཆོག་ཆིབས་སྒྱུར་གནང་གི་ཡོད་པ་གོ་སོང་བས། འདི་གར་བསྐྱར་དུ་མགོན་པོ་གང་གི་ཞལ་མཇལ་གྱི་བྱིན་རླབས་ཐོབ་པར་དགའ་ཚོར་དཔག་མེད་བྱུང་ཞེས་འགྲེལ་བརྗོད་གནང་གི་འདུག

བཞུགས་སྒར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་གནང་བ་དང་མཚུངས་ཕྱི་རྒྱལ་ཁག་གི་བོད་མི་མང་པོ་ཞིག་ཀྱང་གུང་གསེང་དང་མཇལ་ཁ་སོགས་ཀྱི་ཆེད་བཞུགས་སྒར་དུ་འདུས་ཡོང་གི་ཡོད་པ་ལྟར། དབྱིན་ཡུལ་ནས་གུང་གསེང་དུ་ཡོང་བ་བཀྲ་ཤིས་མཚོ་ལགས་ནས།མགོན་པོ་མཆོག་གི་ཕེབས་བསུའི་སྐབས་ཞལ་མཇལ་ཐོབ་པ་ནི་བསོད་ནམས་ཆེན་པོ་དང་དགའ་སྣང་ཆེན་པོ་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག

WhatsApp Image 2025-02-21 at 1.12.52 PM.jpeg
གངས་ཅན་སྐྱིད་གཤོངས་ཀྱི་རྒྱལ་སྒོར་བོད་མི་རྣམས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕེབས་བསུ་ཞུ་བཞིན་པ། ༢༠༢༥།༠༢།༢༡ ཉིན།

ཧྥ་རན་སི་ནས་ཡིན་པ་ཧྥ་ཌི་རེ་ལགས་ནས་མགོན་པོ་མཆོག་ཟླ་བ་གཅིག་ལྷག་གི་རིང་རྒྱ་གར་ལྷོ་ཕྱོགས་སུ་བཞུགས་ནས། ང་ཚོ་བཞུགས་སྒར་དུ་མགོན་པོ་མཆོག་ཡང་ཡང་དྲན་པའི་གདུང་བ་ཤུགས་དྲག་གིས་མནར་ཡོད་པར་བརྟེན།ཚུར་ཆིབས་སྒྱུར་གྲུབ་པར་དགའ་ཚོར་ཤིན་ཏུ་ཆེ་བ་འགྲེལ་བརྗོད་གནང་གི་འདུག དེ་ཡང་ཁོང་གིས། བཞུགས་སྒར་དུ་ང་ཚོ་ཚང་མས་མགོན་པོ་མཆོག་ཤུགས་དྲག་དྲན་གནང་གི་ཡོད་པས། ཁོང་ལ་ཕེབས་བསུ་ཞུ་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་ཡོད་པ་དང་། མགོན་པོ་མཆོག་འདི་གར་བཞུགས་པ་ནི་ང་ཚོའི་ཉིན་རེའི་འཚོ་བ་ལ་ལེགས་སྐྱེས་གྱ་ནོམ་པ་ཞིག་ཡིན་སྟབས། ང་ཚོས་ཁོང་ཤུགས་དྲག་དྲན་གནང་གི་ཡོད་པ་དང་མཚུངས་སུ་ཁོང་ལ་ཕེབས་བསུ་ཞུ་རྒྱུར་དགའ་སྤྲོ་དཔག་མེད་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག

480873089_1032715355551953_4405585306842642321_n.jpg
མགོན་པོ་མཆོག་གཟིམ་ཆུང་ཁྱམས་ར་རུ་སྐུ་འཆམ་གནང་བཞིན་པ། ༢༠༢༥།༠༢།༢༡ ཉིན། /OHHDL

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱལ་ས་ལྡི་ལི་ནས་བཞུགས་སྒར་དུ་ཆིབས་ཞལ་བསྒྱུར་བའི་ལམ་ཞོར་དུ། ལ་དྭགས་ཁྲིག་སེ་རིན་པོ་ཆེ་མཆོག་ལའང་མཇལ་ཁ་སྩལ་ཏེ་རིན་པོ་ཆེས་གསོལ་འདེབས་ཞུས་དོན་ལྟར། དབྱར་དུས་སུ་མགོན་པོ་གང་ཉིད་ལ་དྭགས་སུ་ཆིབས་སྒྱུར་གྱི་ཞལ་བཞེས་ཟབ་མོ་གནང་ཡོད་ཅིང་། བཞུགས་སྒར་ཕོ་བྲང་དུ་ཆིབས་སྒྱུར་དང་ཆབས་ཅིག་གཟིམ་ཆུང་གི་ཁྱམས་རའི་ནང་བཞུགས་པའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ཞིག་ཀྱང་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་སྐུ་སྒེར་གྱི་ངོ་དེབ་སྟེང་སྤེལ་ཡོད་པ་རེད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་སུ་བཞུགས་ཞགས་མཛད་པའི་རིང་། རྒྱ་གར་སོགས་རྒྱལ་ཁབ་འདྲ་མིན་གྱི་མི་སྣ་ཚོར་མཇལ་འཕྲད་དང་བགྲེས་སོང་དང་ནད་པ་ཉམ་ཐག་མང་པོར་མཇལ་ཁ་སྩལ་བ། ཡང་བཀྲ་ཤིས་ལྷུན་པོ་དང་སེར་ར་བླ་སྤྱི། རྒྱུད་སྨད་གྲྭ་ཚང་སོགས་ནས་བརྟན་བཞུགས་བསྟར་འབུལ་དང་། ཆོས་སྡེ་བཀྲ་ཤིས་ལྷུན་པོར་ཕྱི་ནང་གི་དད་ལྡན་པ་ཉིས་ཁྲི་དྲུག་སྟོང་བརྒལ་བར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་སྩལ་བ། བོད་ནང་ས་ཡོམ་གྱིས་རྐྱེན་འདས་སུ་གྱུར་པ་ཚོར་མཆོད་འབུལ་གནང་བའི་ཚོགས་མགོན་དུ་ཆིབས་སྒྱུར་དང་། དོན་གཉེར་བ་ཚོར་དགེ་སློང་གི་སྡོམ་པ་སྩལ་བ་སོགས་ཀྱི་མཛད་འཕྲིན་ཧ་ཅང་རྒྱ་ཆེ་བསྐྱངས་ཡོད་པ་རེད།

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎