༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་སྐྱོང་མཆོག་དང་། རྒྱ་གར་དབུས་གཞུང་གི་ནང་སྲིད་བློན་ཆེན་གཞོན་པ་བཅས་ལ་མཇལ་ཁ་སྩལ་འདུག

2025.02.14
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་སྐྱོང་མཆོག་དང་། རྒྱ་གར་དབུས་གཞུང་གི་ནང་སྲིད་བློན་ཆེན་གཞོན་པ་བཅས་ལ་མཇལ་ཁ་སྩལ་འདུག སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་རྒྱ་གར་གྱི་གནད་ཡོད་དཔོན་རིགས་ཁག་ཅིག་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་སྐབས། ༢༠༢༥།༠༢།༡༤ ཉིན།
RFA/ Pema Ngodup

* གནས་ཚུལ་ཁ་སྣོན་བྱས་ཡོད།

ཕྱི་ལོ་ ༢༠༢༤ ཟླ་ ༢ འི་ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོའི་དགོན་པའི་ནང་མང་མཇལ་ཉིན་མཐའ་མ་དང་བསྟུན། སྔ་དྲོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་དང་མཉམ་དུ། རྒྱ་གར་དབུས་གཞུང་ནང་སྲིད་ལྷན་ཁང་གི་བློན་ཆེན་གཞོན་པ་བྷན་དི་སན་ཇེ་ཀུ་མར་ (Bandi Sanjay Kumar)ལགས་དང་། རྒྱ་གར་ཀར་ན་ཊ་མངའ་སྡེའི་ནང་སྲིད་བློན་ཆེན་འབུམ་རམས་པ་ གངྒ་དྷ་རི་ཡ་ པར་མེཤ་ཝ་ར་ (Dr. Gangadharaiah Parameshwara) ལགས་བཅས་གཙོས་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་ཅིག་ཡོད་པ་རེད། མཇལ་ཁ་གྲུབ་མཚམས་སྲིད་སྐྱོང་མཆོག་གིས་དམིགས་བསལ་གསར་འགོད་པའི་བཅར་འདྲི་དང་ལེན་གནང་མེད་ཀྱང་། རྒྱ་གར་ཀར་ཎ་ཀྲ་ཀ་མངའ་སྡེའི་ནང་སྲིད་བློན་ཆེན་ གངྒ་དྷ་རི་ཡ་ པར་མེཤ་ཝ་ར་ (G. Parameshwara) ལགས་ཀྱིས། ཁོང་དང་ཁོང་གི་ནང་མི་རྣམས་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དགའ་མོས་ཆེན་པོ་གནང་མཁན་ཞིག་ཡིན་དུས། མགོན་པོ་མཆོག་གི་དྲུང་ནས་ནང་པའི་ལྟ་གྲུབ་སྐོར་དགོངས་སྐོར་ཞུ་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་བ་དང་སྦྲགས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་དུ་ནམ་ཞིག་ཆིབས་བསྒྱུར་བསྐྱངས་སྐབས་ཁོང་གིས་མཇལ་ཁ་ཞུ་བཞིན་ཡོད་ཀྱང་། ཐེངས་འདིར་མགོན་པོ་མཆོག་སྦེང་ལོར་དུ་ཆིབས་བསྒྱུར་བསྐྱངས་མ་གནང་བར་བརྟེན་ཁོང་འདིར་མཇལ་ཁ་ཞུ་བར་ཆེད་དུ་བཅར་ཡོད་སྐོར་འགྲེལ་བརྗོད་གནང་བ་དང་མཉམ། ཐེངས་འདིར་ཁོང་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་པ་ཐེངས་བརྒྱད་པ་ཡིན་པ་དང་། མཇལ་ཁའི་སྐབས་ཁོང་གིས་མགོན་པོ་མཆོག་སྐུ་ཚེ་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུས་ཡོད་སྐོར་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

46.png
མཇལ་བཅར་བ་རྣམས། ༢༠༢༥།༠༢།༡༤ ཉིན།

རྒྱ་གར་དབུས་ནང་སྲིད་བློན་ཆེན་གཞོན་པ་བྷན་དི་ སན་ཇེ་ ཀུ་མར་ (Bandi Sanjay Kumar) ལགས་ནས་གསར་འགོད་པར་བཀའ་འདྲི་དང་ལེན་གནང་མ་སོང་ཡང་། ལྷན་བཅར་སྦེང་ལོར་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས། ཐེངས་འདིར་རྒྱ་གར་དབུས་ནང་སྲིད་བློན་ཆེན་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་བཅར་ཞུ་རྒྱུ་དང་མཉམ། རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་བོད་མིའི་གཞིས་ཆགས་ཀྱི་དཀའ་ངལ་དང་གནས་སྟངས་རྒྱུས་ལོན་གསན་བཞེས་གནང་ཆེད་ཕེབས་པ་ཞིག་ཡིན་པའི་འགྲེལ་བརྗོད་གནང་བྱུང་།

དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མི་དང་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་རིགས་ཁྱོན་ ༤༣༠ ཙམ་དང་། རྒྱ་གར་བ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་དད་ལྡན་པ་ཁྱོན་ ༦༠༠ བརྒལ་བ་ཞིག་ལ་མཇལ་ཁ་སྩལ་ཡོད་ཅིང་། བལ་བོད་ས་མཚམས་བཙུམ་ནས་ཡིན་པའི་དགུང་གྲངས་ ༧༩ ཅན་བཙུན་མ་བློ་བཟང་ཆོས་སྒྲོན་ལགས་དང་དད་ལྡན་པ་མང་པོས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཐོབ་པར་དགའ་ཚོར་དཔག་མེད་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག

གཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ལྷོད་བཞུགས་གནང་ཆེད་འདི་ལོའི་ཟླ་ ༡ ཚེས་ ༥ ཉིན་སྦེ་ལ་ཀོ་པིར་རྟེན་གཞི་བྱས་པའི་ཆོས་སྡེ་ཆེན་པོ་བཀྲིས་ལྷུན་པོར་༸ཞབས་སོར་འཁོད་གནང་མཛད་དེ། ཟླ་བ་གཅིག་དང་ཕྱེད་ཙམ་བཞུགས་ཞགས་མཛད་རིང་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་ཁག་ལྔའི་བོད་མི་བགྲེས་སོང་དང་ནད་བཅོང་གཙོ་བོ་འགྱུར་བའི་ཕྱི་ནང་དད་ལྡན་པ་རྣམས་ལ་མཇལ་ཁ་བཀྲིན་ཆེ་གནང་མཛད་ནས་ད་བར་ཉིན་གྲངས་ ༡༦ ཡི་མང་མཇལ་ཁྲོད་ཁྱོན་མི་གྲངས་ ༦༤༡༧ ཙམ་ཞིག་ལ་མཇལ་སྩལ་གནང་མཛད་ཡོད་པ། སྦེང་ལོར་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ཚེས་ ༡༦ ཉིན་ཆོས་སྡེ་བཀྲ་ཤིས་ལྷུན་པོ་ནས་ཧོན་སུར་རབ་རྒྱས་གླིང་དུ་རྟེན་གཞི་བྱས་པའི་རྒྱུད་སྨད་གྲྭ་ཚང་དུ་ཆིབས་བསྒྱུར་མཛད་དེ། ཚེས་ ༡༧ ཉིན་མགོན་པོ་མཆོག་ལ་རྒྱུད་སྨད་གྲྭ་ཚང་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པ་རེད་འདུག

གསར་འགོད་པ། པདྨ་དངོས་གྲུབ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎