༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཀར་ན་ཀྲ་ཀ་མངའ་སྡེའི་སོ་ནམ་སྡེ་ཚན་གྱི་སྤྱི་ཁྱབ་འགན་འཛིན་ལ་མཇལ་ཁ་སྩལ་བ།
ཕྱི་ཟླ་ ༠༡ ཚེས་ ༠༧ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པིར་རྟེན་གཞི་བྱས་པའི་གདན་ས་ཆེན་པོ་བཀྲིས་ལྷུན་པོའི་ནང་།
རྒྱ་གར་ལྷོ་ཕྱོགས་ཀར་ན་ཀྲ་ཀ་མངའ་སྡེའི་སོ་ནམ་སྡེ་ཚན་གྱི་སྤྱི་ཁྱབ་འགན་འཛིན་ཤི་ཝ་ན་གྷོ་ཌ་ཡིས་གཙོས་པའི་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་གཅིག་ལ་མཇལ་ཁ་སྩལ་གནང་མཛད་ཡོད་པ་དང་། མཇལ་ཁ་གྲུབ་མཚམས་རྒྱ་གར་ཀར་ན་ཀྲ་ཀ་མངའ་སྡེའི་སོ་ནམ་སྡེ་ཚན་གྱི་སྤྱི་ཁྱབ་འགན་འཛིན་ཤི་ཝ་ན་གྷོ་ཌ་ཡིས། ཁོང་ནས་ལོ་ངོ་ ༡༥ རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་ཐོབ་རྒྱུར་ངང་སྒུག་གནང་སྟེ་ད་ཆ་ཐེངས་དང་པོ་མཇལ་ཁ་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་སྐོར་འགྲེལ་བརྗོད་གནང་བ་དང་སྦྲགས། མཇལ་ཁའི་སྐབས་ཁོང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་ཕུལ་ཏེ་ཞབས་ལ་གཏུགས་སྐབས། མགོན་པོ་མཆོག་གི་ཐུགས་ཀྱི་བྱིན་རླབས་རང་ཉིད་ལ་འཇུག་པ་ལྟ་བུ་ཚོར་ཏེ་སེམས་ལ་ཞི་བདེ་ཐོབ་བྱུང་ཞེས་དང་། མགོན་པོ་མཆོག་ནི་འཛམ་གླིང་ཞི་བདེའི་དེད་དཔོན་ཡིན་པར་བརྟེན་འཛམ་གླིང་ནང་ཞི་བདེ་རྒྱུན་གནས་ཐུབ་པར་མགོན་པོ་མཆོག་གི་བྱིན་རླབས་དགོས་གལ་ཆེ་བ་ཡིན་ཞེས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།

མ་ཟད་ཁོང་གིས། རྒྱ་གར་ཀར་ཎ་ཀྲ་ཀ་མངའ་སྡེའི་སོ་ནམ་སྡེ་ཚན་དང་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་གི་སོ་ནམ་སྡེ་ཚན་དབར་འབྲེལ་ལམ་དམ་ཟབ་ཡོད་པས། སྡེ་ཚན་ཕན་ཚུན་དབར་མཉམ་ལས་ཀྱིས་ལས་གཞི་སྣ་མང་སྤེལ་འཆར་ཡོད་པ་འགྲེལ་བརྗོད་གནང་བྱུང་ལ། ཁོང་དང་ལྷན་ཐེངས་འདིའི་མཇལ་བཅར་བའི་ཁོངས་སུ། རྒྱ་གར་ཀར་ཎ་ཀྲ་ཀ་མངའ་སྡེའི་སོ་ནམས་སྡེ་ཚན་གྱི་འཛིན་སྐྱོང་ལས་བྱེད་ཁྱོན་མི་གྲངས་ ༨ དང་། རྒྱ་གར་ལྷོ་ཕྱོགས་མེའི་སོར་རྫོང་གི་ཉེན་རྟོག་པའི་འགོ་ཁྲིད་སི་མ་ལཌ་དཀར་གཙོས་པའི་རྒྱ་གར་གྱི་སྨན་པ་སོགས་ཁྱོན་མི་གྲངས་ ༡༠༠ ཙམ་ཞིག་ཡོད་པ་རེད།
རྩ་བའི་ཐེངས་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་གྱི་གནད་ཡོད་མི་སྣ་དང་བོད་མི་བགྲེས་སོང་། ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་རིགས་དང་སོག་རིགས། རྒྱ་རིགས་དང་ཕྱི་རྒྱལ་བ་སོགས་ཁྱོན་དད་ལྡན་པ་ ༤༥༠ ཙམ་ཞིག་ལ་མཇལ་ཁ་བཀྲིན་ཆེ་གནང་མཛད་གནང་ཡོད་པ་རེད།
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།