༸གོང་ས་མཆོག་གིས་རྒྱ་གར་གྱི་ཚོང་དོན་དང་བཟོ་ལས་བློན་ཆེན་ཟུར་པ་ (Anand Sharma)ཨཱ་ནནྟ་ཤཱར་མ་ལགས་ལ་མཇལ་ཁ་སྩལ་བ།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ཚེས་ ༡༠ ཉིན་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ།རྒྱ་གར་གྱི་ཚོང་དོན་དང་བཟོ་ལས་བློན་ཆེན་ཟུར་པ་ (Anand Sharma)ཨཱ་ནནྟ་ཤཱར་མ་ལགས་ལ་མཇལ་ཁ་བསྩལ་ཡོད་པ་རེད།
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་(Anand Sharma)ཨཱ་ནནྟ་ཤཱར་མ་ ལགས་སུ།ད་རེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁ་དང་འབྲེལ་བའི་ཐོག་བཅར་འདྲི་ཞུས་པར།ཁོང་གིས་གསུང་དོན།
ངོས་རང་གཞོན་དུས་ནས་གོ་སྐབས་ནམ་བྱུང་ལ་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁར་བཅར་གྱི་ཡོད་ཅིང་།ཁོང་མཇལ་རེས་བཞིན་དུས་ཀུན་ཏུ་ཚོར་བ་དམིགས་བསལ་བ་ཞིག་དང་ཁོང་གིས་བཀའ་མོལ་ཐུང་ཐུང་རེ་གནང་བ་ཙམ་གྱིས་ཀྱང་ལམ་སྟོན་རྒྱ་ཆེན་པོ་གནང་ཐུབ་ཀྱི་འདུག
ད་རེས་ཁོང་གིས་བཀའ་སློབ་གཙོ་བོ་ནི་འཇིག་རྟེན་འདི་དང་དཀོན་མཆོག ལྷག་པར་དུ་བོད་ཀྱི་སྐད་ཡིག་དང་གནའ་བོའི་རིག་གཞུང་།རྒྱུན་སྲོལ་བཟང་པོ་དེ་དག་རྒྱུན་འཛིན་གནང་གལ་ཆེ་བའི་སྐོར་བཀའ་སྩལ་སོང་ཞེས་དང་།
ཡང་ཁོང་གིས་བོད་མིའི་རྩ་དོན་དང་འབྲེལ་བའི་སྐོར་གསུངས་དོན་དུ། བོད་མིའི་རྩ་དོན་གྱིས་རྒྱ་གར་མི་མང་ཚོའི་སེམས་ནང་ས་ཆ་དམིགས་བསལ་བ་ཞིག་བཟུང་ཡོད་པ་རེད། དེ་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྲིད་བློན་ནེ་རུའི་དུས་སྐབས་སུ།རྒྱ་གར་ནང་ཞབས་སོར་འཁོད་པ་ནས་བཟུང་།དུས་ད་ལྟ་བར་དུ་རྒྱ་གར་རྒྱལ་ཡོངས་ཀྱི་སེམས་ནང་ལ་གནས་ཡོད་པ་རེད་ཅེས་གསུངས་བྱུང་།
སྐུ་ཞབས་ཨཱ་ནནྟ་ཤཱར་མ་ལགས་ནི་ཧི་མ་ཅལ་མངའ་སྡེའི་ནང་གི་རྒྱ་གར་ཀོང་རེ་སི་ཆབ་སྲིད་ཚོགས་པའི་འགོ་ཁྲིད་ཡིན་པ་དང་། ཁོང་ཕྱི་ལོ་ ༡༩༥༣ ལོར་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་རྒྱལ་ས་ཤིམ་ལར་འཁྲུངས་པ་ཞིག་དང་།ཁོང་ནི་རྒྱ་གར་གྱི་ཆབ་སྲིད་མི་སྣ་གལ་ཆེན་ཞིག་ཡིན་པ་མ་ཟད།ཁོང་གིས་ཆབ་སྲིད་ལས་དོན་གྱི་བརྒྱུད་རིམ་ཁྲོད།ད་བར་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀའི་འཐུས་མི་གནང་མྱོང་བའི་ཁར།རྒྱ་གར་གྱི་འཐག་ལས་དང་ཚོང་དོན།བཟོ་ལས་བཅས་ཀྱི་བློན་ཆེན་ཡང་གནང་མྱོང་ཡོད་པ་རེད། དེ་བཞིན་ཁོང་ཕྱི་ལོ་ ༢༠༢༠ ནས་ ༢༠༢༢ བར་རྒྱ་གར་ནང་སྲིད་ལས་དོན་ཐོག་གྲོས་ཚོགས་རྒྱུན་གནས་ཚོགས་ཆུང་གི་ཚོགས་གཙོ་ཡང་གནང་ཡོད་པ་རེད། གཞན་ཡང་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་མཛད་འཆར་གསལ་བསྒྲགས་གནང་བའི་ནང་། ཟླ་བ་འདིའི་ཕྱི་ཚེས་ ༡༨ ཉིན་སྤྱི་ནོར་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཀ་ལུ་རིན་པོ་ཆེ་མཆོག་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར།རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མགོན་པོའི་རྗེས་གནང་བཀའ་དྲིན་བསྐྱང་རྒྱུ་དང་།
ཡང་ཕྱི་ཟླ་༦ ཚེས་ ༣ ནས་ ༤ ཉིན་གཉིས་རིང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་རིགས་གཞོན་སྐྱེས་རྣམས་ལ་དབུ་མའི་ལྡེ་མིག་གི་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ་ཡིན་འདུག།
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། བསྟན་འཛིན་དོན་ཡོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་དོན་ཡོན།