སེར་བྱེས་གྲྭ་ཚང་ཐུན་མོང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བྱམས་བརྩེའི་གཟེངས་རྟགས་འབུལ་བཞེས་མཛད་འདུག

2025.02.08
སེར་བྱེས་གྲྭ་ཚང་ཐུན་མོང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བྱམས་བརྩེའི་གཟེངས་རྟགས་འབུལ་བཞེས་མཛད་འདུག བྱམས་བརྩེའི་གཟེངས་རྟགས་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
RFA/ Pema Ngodup

ཟླ་བ་འདིའི་ཚེས་ ༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་པོ་མཆོག་ལ་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོའི་དགོན་པའི་ནང་དུ། སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་རིན་པོ་ཆེ་དབུས་པས་ཕྱག་མཛོད་རྣམ་པས་འདི་ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གོ་སྟོན་དང་བསྟུན། སེར་བྱེས་གྲྭ་ཚང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་བསྟན་སྲིད་སྤྱི་དང་ཡང་སྒོས་འཛམ་གླིང་ཞི་བདེའི་ཆེད་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་པར་ཆེ་བསྟོད་ཀྱི་བྱམས་བརྩའི་གཟེངས་རྟགས་ཞེས་པ་ཞིག་འབུལ་བཞེས་མཛད་འདུག

སེར་བྱེས་མཁན་རིན་པོ་ཆེ་བཀྲ་ཤིས་ཚེ་ཐར་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་དོན་ལ། སེ་ར་བྱེས་ནས་དེ་སྔ་བྱམས་བརྩེའི་གཟེངས་རྟགས་དང་པོ་དང་གཉིས་པ་ཕུལ་ཟིན་ཡོད་པ་ལྟར། ཐེངས་འདིར་བྱམས་བརྩེའི་གཟེངས་རྟགས་ཐེངས་གསུམ་པ་དེ་བཞིན་སེ་ར་བྱེས་གཞིས་བྱེས་གཉིས་ཐུན་མོང་གིས་མགོན་པོ་མཆོག་ལ་གཟེངས་རྟགས་དེ་ཉིད་འབུལ་བཞེས་མཛད་པ་ཞིག་ཆགས་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

དེ་མཚུངས་རྒྱ་གར་ལྷོ་ཕྱོགས་མེའི་སོར་གཙུག་ལག་སློབ་ཁག་གི་ཉེ་བའི་རིག་བདག་ཟུར་པ་སློབ་དཔོན་ཆེན་པོ་ཧེ་མན་ཀུ་མར་ལགས་ནས། དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་པ་དང་སྦྲགས། མེའི་སོར་གཙུག་ལག་སློབ་ཁང་དང་སེར་བྱེས་གྲྭ་ཚང་གཉིས་དབར་ཤེས་ཡོན་བརྗེ་ལེན་གྱི་མོས་མཐུན་གན་རྒྱ་བཞག་པ་གཞིར་བཟུང་གིས། ཤེས་ཡོན་བསྟི་གནས་ཁང་གཉིས་དབར་མཉམ་ལས་ཀྱི་ལས་གཞི་སྤེལ་བའི་བརྒྱུད་ད་བར་ལོ་གསུམ་འགྲོ་བའི་ལས་སྡོམ་དང་མ་འོངས་འཆར་གཞི་སོགས་ཀྱི་སྐོར་ཡིག་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྤྱན་འབུལ་ཞུས་ཡོད་ཅེས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།

མ་ཟད་ཁོང་གིས། བོད་པའི་དགོན་སྡེ་ཁག་ནང་སློབ་གཉེར་རྒྱ་ཆེ་གཏིང་ཟབ་གནང་བཞིན་ཡོད་ཀྱང་དེ་དག་ལ་རྒྱལ་སྤྱིའི་ཐོག་ནས་ངོས་འཛིན་གི་ཕྱག་ཁྱེར་ཚད་ལྡན་མེད་པར་བརྟེན། མེའི་སོར་གཙུག་ལག་སློབ་ཁང་ནས་སེར་བྱེས་གྲྭ་ཚང་གི་དགེ་འདུན་པའི་སློབ་གཉེར་ལ་ངོས་འཛིན་ཕྱག་ཁྱེར་གནང་རྒྱུ་སོགས་ཤེས་ཡོན་བརྗེ་ལེན་གྱི་གཉིས་མོས་གན་རྒྱ་བཞག་སྟེ་ད་བར་ལས་གཞི་འགྲོ་མུས་ཡིན་པ་མ་ཟད། ད་ཆ་ཁོང་བགྲེས་ཡོལ་དུ་ཕེབས་ཟིན་ཀྱང་ལས་གཞི་མུ་མཐུད་མཇུག་སྐྱོང་ཐད་ལམ་སྟོན་གནང་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

རྩ་བའི་ཐེངས་འདིར་མང་མཇལ་ཁྲོད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་དོན་ལྡན་གཞིས་ཁོངས་ཀྱི་བོད་མི་བགྲེས་སོང་ ༡༤༠ གཙོས་པའི་བོད་མི་དང་རྒྱ་གར་སོགས་ཕྱི་ནང་དད་ལྡན་པ་ཁྱོན་ ༥༠༠ བརྒལ་བར་མཇལ་ཁའི་བཀྲིན་སྩལ་གནང་མཛད་ཡོད་པ་རེད།

གསར་འགོད་པ། པདྨ་དངོས་གྲུབ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྟན་འགྲོ་སྤྱིའི་དོན་དུ་མཛད་འཕྲིན་མུ་མཐུད་བསྐྱང་རྒྱུའི་བཀའ་བཞེས་ཕེབས་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎