རྒྱ་གར་གྱི་སྲིད་འཛིན་གཞོན་པར་འོས་འདེམས་བྱུང་བར་འཚམས་འདྲི་གནང་བ།
2017.08.06
༄༅༎རྒྱ་གར་གྱི་གྲོས་ཚོགས་ཀྱིས་གཞུང་འཛིན་BJP ཚོགས་པའི་འོས་མི་Venkaiah Naidu མཆོག་སྲིད་འཛིན་གཞོན་པར་འོས་འདེམས་བྱུང་བར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མཚམས་འདྲི་བཀྲིས་བདེ་ལེགས་ཀྱི་གསུངས་འཕྲིན་ཕུལ་གནང་བཞག ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་དེའི་ནང་རྒྱ་གར་ནི་བཟོད་སྒོམ་དང་སྙིང་རྗེ་འཚེ་མེད་ཞི་ལ་བཞག་པའི་རིག་གཞུང་ཕྱུག་པོ་དར་ཁྱབ་འགྲོ་བཞིན་པའི་རྒྱལ་ཁབ་ཞིག་ལ་སོང་དེར་ངོས་རང་ཧ་ཅང་བརྩེ་སེམས་ཆེན་པོ་ཡོད། རྒྱ་གར་ལ་མི་འབོར་ཁྱོན་ཆེ་དང་སྐད་ཡིག རིག་གཞུང་། ཆོས་ལུགས་སོགས་མི་འདྲ་བ་མང་པོ་ཞིག་ཡོད་བཞིན་དུ་ཚང་མ་སྲ་བརྟན་ངང་གནས་བཞིན་པ་ནི་བསྔགས་བརྗོད་ཞུ་འོས་པ་ཞིག་རེད་ལ་ ཆོས་ལུགས་འདྲ་མིན་རྣམས་མཐུན་འབྲེལ་ངང་གཅིག་གི་གཅིག་ལ་གུས་བརྩི་ཞུ་བཞིན་པ་དེ་ནི་རྒྱལ་སྤྱིའི་ནང་ཆོས་ལུགས་མཐུན་འབྲེལ་གྱི་དཔེ་མཚོན་ལྟ་བུ་ཞིག་རེད། ངོས་རང་ས་ཕྱོགས་གང་དུ་ཕྱིན་ཀྱང་སྤོབ་པ་ཆེན་པོའི་ངང་རྒྱ་གར་ནི་ཆོས་ལུགས་མཐུན་འབྲེལ་གྱི་དཔེ་མཚོན་ལྟ་བུ་ཞུ་གི་ཡོད། དེ་ནི་རྒྱ་གར་གྱིས་མང་གཙོ་དང་། ཁྲིམས་ལུགས་དབང་འཛིན་། སྨྲ་བརྗོད་དང་གསར་འགོད་རང་དབང་སོགས་ལ་ཆེས་མཐོང་ཞུ་བཞིན་པའི་ཆ་ནས་རེད་ལ་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་གར་གྱི་དབུ་ཁྲིད་དང་སེམས་སྐུལ་ལ་མིག་དཔེ་ལྟ་གི་རེད་ཅེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུངས་བཞག།གསར་འགོད་པ་ཚེ་དབང་དངོས་གྲུབ།