བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དགའ་ལྡན་ལྔ་མཆོད་ཆེན་མོའི་ཚོགས་མགོན་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་བཞུགས་མཛད་པ།

ལོ་རེ་འཆར་ཅན་བོད་ཟླ་༡༠པའི་ཚེས་༢༥ཉིན་མོ་སྟེ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་མཆོག་དགོངས་པ་མྱ་ངན་ལས་འདས་པའི་དགོངས་རྫོགས་ཀྱི་དུས་ཚེས་ཁྱད་པར་ཅན་དེར། རི་བོ་དགེ་ལྡན་པའི་རྗེས་འཇུག་གི་ནང་པའི་རྒྱལ་ཁམས་སྤྱི་དང་འདྲ་བར། བཞུགས་སྒར་རྡ་རམ་ས་ལར་ཡང་གམ་བཅར་རྣམ་རྒྱ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གཙོས་པའི་དགོན་སྡེ་ཁག་གིས།དགའ་ལྡན་ལྔ་མཆོད་ཆེན་མོ་སྲུང་བརྩི་གནང་ལམ་ཡོད་པ་བཞིན། འདི་ལོ་སྤྱི་ཟླ་༡༢པའི་ཚེས་༢༥བོད་ཟླ་༡༠པའི་ཚེས་༢༥ཉིན་མོར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དགའ་ལྡན་ལྔ་མཆོད་ཀྱི་ཚོགས་མཆོད་སྨོན་ལམ་རྒྱ་ཆེ་གནང་བའི་ཚོགས་མགོན་དུ། བོད་མིའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་སྨོན་ལམ་གནང་སོང་ཞིང་། དགའ་ལྡན་ལྔ་མཆོད་ཀྱི་ཚོགས་མཆོད་སྨོན་ལམ་འདིར་ད་དུང་༧སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ།སེར་སྨད་མཁན་ཟུར་བཀྲ་ཤིས་ཚེ་རིང་ལགས་སོགས་ཀྱང་ཆེད་ཕེབས་སྨོན་ལམ་གནང་ཡོད་ཅིང་།རྣམ་རྒྱལ་གྲྭ་ཚང་གི་དགེ་བཤེས་ལྷ་རམས་པ་བློ་བཟང་གྲགས་པ་ལགས་ནས།ཉིན་མོ་འདི་ནི་ཚོགས་དང་བསོད་ནམས་རླབས་པོ་ཆེ་བསག་པའི་དུས་ཚེས་ཁྱད་པར་ཅན་ཞིག་ཆགས་ཡོད་པས།བོད་མི་ཚོ་གཞིས་བྱེས་ལྷན་འཛོམས་ཀྱིས་མཚོན་པའི་འཛམ་གླིང་ཀུན་ལ་བཀྲ་ཤིས་ལོ་ལེགས་ཀྱི་སྨོན་ལམ་འདེབས་ཐུབ་ན།ཡུལ་དུས་གནས་སྐབས་གང་གི་ཆ་ནས་ཀྱང་ཁྱད་པར་བ་ཞིག་ཆགས་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་དགེ་བཤེས་ལགས་ནས་རྗེ་བདག་ཉིད་ཆེན་མོ་དགོངས་པ་མྱ་ངན་ལས་འདས་པའི་ཉི་མ་འདི་རི་བོ་དགེ་ལྡན་པ་ཙམ་མ་ཟད། ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་བོད་མདོ་དབུས་ཁམས་གསུམ་ནས་སྲུང་བརྩི་གནང་སྲོལ་ཡོད་པ་འགྲེལ་བརྗོད་ངོ་སྤྲོད་གནང་གི་འདུག
མདོ་སྨད་ཙོང་ཁའི་ཡུལ་དུ་སྐུ་འཁྲུངས་པའི་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་མཆོག་ནི་ནང་པའི་བསྟན་པ་སྤྱི་འཛིན་སྐྱོང་སྤེལ་གསུམ་ལ་མཛད་རྗེས་དང་ཤུགས་རྐྱེན་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པ་མ་ཟད། རི་བོ་དགེ་ལྡན་པའི་རིང་ལུགས་ཀྱི་གྲུབ་མཐའི་སྲོལ་ཐོག་མར་ཕྱེ་མཁན་དེ་ཡིན་པས། ཁོང་སྤྱི་ལོ་༡༤༡༩ལོར་དགོངས་པ་རྫོགས་སྐབས་དགའ་ལྡན་དུ་དགོངས་རྫོགས་རྒྱ་ཆེར་བསྒྲུབས་ཡོད་པའི་མུར། ཕྱི་ལོ་༡༤༢༠ ལོར་དགའ་ལྡན་དུ་རྡོ་རྗེ་འཛིན་པ་བརྒྱ་ཕྲག་དུ་མ་འཛོམས་ཏེ་གསང་བདེ་འཇིགས་གསུམ་དང་། ཕྱག་རྡོར་འཁོར་ཆེན་སོགས་ཀྱི་སྒྲུབ་མཆོད་ཀྱིས་དགོངས་རྫོགས་རྒྱ་ཆེ་གནང་བ་ནས་བཟུང་། ལོ་རེ་བཞིན་བོད་གངས་ཅན་དང་སོག་པོ་ཕྱི་ནང་། ཧི་མ་ལ་ཡའི་རི་བརྒྱུད་སོགས་ནང་པའི་རྒྱལ་ཁམས་དུ་མར་དགའ་ལྡན་ལྔ་མཆོད་སྲུང་བརྩི་གནང་སྲོལ་དར་ཁྱབ་ཆེན་པོ་བྱུང་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།