དཔལ་ལྡན་རྒྱུད་སྨད་གྲྭ་ཚང་ནས༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་བཤད་སྒྲུབ་བསྟན་པའི་བདག་པོར་མངའ་གསོལ་གྱི་གཟེངས་རྟགས་ཕུལ་བ།

ཟླ་བ་འདིའི་ཚེས་ ༡༧ ཉིན་རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་དུ་རྟེན་གཞི་བྱས་པའི་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་ནས་གྲྭ་ཚང་འདི་ཉིད་ཀྱི་ཐུན་མོང་མ་ཡིན་པའི་རྩེ་འབྱུང་འཇུག་གི་ཆོ་གའི་སྒོ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་ལྷན་དུ། གྲྭ་ཚང་དེ་ཉིད་ཀྱི་བཤད་སྒྲུབ་བསྟན་པའི་བདག་པོར་མངའ་གསོལ་གྱི་གཟེངས་རྟགས་འབུལ་ལམ་ཞུས་ཤིང་། བརྟན་བཞུགས་གྲུབ་མཚམས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་བའི་ནང་། བོད་གངས་ཅན་གྱི་ལྗོངས་སུ་རྒྱ་གར་འཕགས་པའི་ཡུལ་ནས་བསྒྱུར་བའི་ཆོས་མང་དག་ཅིག་ཡོད་པའི་ཁོངས་ནས། འཆད་ཉན་སྒོམ་སྒྲུབ་རྒྱུན་མ་ཆད་པ་བྱེད་བཞིན་པ་གཅིག་ནི། གསང་བ་འདུས་པའི་སྐྱེས་རྫོགས་ཀྱི་འཆད་ཉན་དེ་ཡིན་པ་དང་། དེ་ནི་རྒྱུད་གྲྭ་སྟོད་སྨད་གཉིས་ལ་འགན་བསྐུར་ཡོད་པ་ནི་རྗེ་རིན་པོ་ཆེའི་ཕྱག་བཞེས་ཡིན་ཞིང་། རྒྱུད་གྲྭ་སྨད་སྟོད་གཉིས་ནས་དགོན་པའི་སྒྲིག་འཛུགས་ཀྱི་འཕྲལ་གྱི་འདོན་ཆ་ཙམ་མ་ཡིན་པར་རྒྱུད་ཐོག་ཏུ་སྦྱར་རྒྱུ་དེ་གལ་ཆེན་པོ་ཡིན་པའི་ལམ་སྟོན་མཛད་ཡོད་པ་རེད།
མ་ཟད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། འཛམ་གླིང་འདིའི་ཐོག་ཉམ་ཐག་པའི་སེམས་ཅན་སྤྱི་དང་སྲོག་ཆགས་རྣམས་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་མཁན་ཤ་སྟག་ཡིན་ཡང་། སེམས་མ་རུང་བ་དང་རྨོངས་པའི་དབང་གིས་གང་ལྟར་སྡུག་བསྔལ་གྱི་རྒྱུ་ཡིན་པ་མི་ཤེས་པའམ་ཡང་ན་སྣང་མེད་དུ་དེའི་ཕྱོགས་སུ་འགྲོ་བཞིན་ཡོད་པར་བརྟེན། རང་ཉིད་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་པ་ཞིག་ཡིན་པར་སེམས་ནས། སངས་རྒྱས་བཅོམ་ལྡན་འདས་ལ་རང་གིས་སེམས་བཞིན་དུ་སྡུག་བསྔལ་གྱི་རྒྱུ་དང་དུ་བླངས་ཡོད་པ་དེ་དག་ལ། སྡིག་སྒྲིབ་ཐམས་ཅད་སྙིང་ཁོངས་རུས་པའི་གཏིང་ནས་གཤག་པར་བྱ་བའི་ཀུན་སློང་དགོས་པ་སོགས་ཀྱི་ལམ་སྟོན་སྩལ་གནང་མཛད་ཡོད་པ་རེད།
ཐེངས་འདིའི་བརྟན་བཞུགས་བསྟར་འབུལ་ཐོག་༸སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག གདན་ས་གྲྭ་ཚང་ཁག་གི་མཁན་བླ་དགེ་འདུན་འདུས་མང་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང། ཕྱོགས་བཞུགས་སྤྱི་འཐུས་དང་དད་ལྡན་མང་ཚོགས་སོགས་ཁྱོན་ཅས་ཁྱོན་མི་གྲངས་སྟོང་ཕྲག་འགའ་ཞིག་ནས་ལྷན་བཞུགས་གནང་འདུག་ལ། བོད་མི་གཙོས་པའི་དད་ལྡན་པ་རྣམས་ལ་མགོན་པོ་གང་ཉིད་ཀྱི་ཞལ་མཇལ་གསུང་ཐོས་ཀྱི་གོ་སྐབས་ཐོབ་པར་དགའ་ཚོར་ཆེན་པོ་གནང་གི་འདུག
འདི་ཚེས་ ༡༨ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་མཛད་འཆར་ཁག་ལེགས་གྲུབ་ཀྱིས། རྒྱལ་ས་ལྡི་ལི་བརྒྱུད་རིམ་པས་བཞུགས་སྒར་རྡ་སར་ཆིབས་ཞལ་བསྒྱུར་རྒྱུ་ཡིན་པ་རེད་འདུག
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།